དགོན་པ་ཁག་གིས་དགེ་འདུན་སྒེར་གྱི་དྲ་རྒྱ་དང་རྩིས་འཕྲུལ་འགོག་ཐུབ་ན་དགེ་མཚན་ཆེ་བར་བཤད་པ།

ཆོས་བརྒྱུད་རིས་མེད་ཀྱི་གདན་ས་དང་། དགོན་སྡེ་ཁག་ནས་གྲྭ་བཙུན་སྒེར་གྱི་ཀློག་ཀླད་དང་། ཁ་པར་རིགས་བཀག་འགོག་གནང་བ་དེ་དཔེ་མ་སྲིད་པའི་ཡག་པོ་རེད།

ད་དུང་དྲ་རྒྱ་དང་། ལག་ཐོགས་ཁ་པར། གློག་བརྙན་སོགས་འཕྲུལ་རིགས་འདྲ་མིན་མང་པོ་ཞིག་གིས་སློབ་སྦྱོང་ལ་བར་ཆད་ཆེན་པོ་བྱེད་བཞིན་པ་ནི། ང་ཚོས་མྱོང་བས་གྲུབ་པས་ཅིས་ཀྱང་འགོག་དགོས་པ་དང་། ཁྱད་པར་དུ་ཡང་དེང་སང་དྲ་བ་འདི་བརྒྱུད་ནས་འདོད་བསྟན་དང་། འདོད་པའི་གློག་བརྙན་འདྲ་མིན་མང་པོ་ཞིག་གིས་གྲྭ་བ་ཚོའི་སེམས་ལ་གོད་ཆག་ཧ་ཅང་གི་ཆེན་པོ་བྱ་ངེས་པས། སྒེར་གྱི་དྲ་རྒྱ་ཆ་ཚང་བཀག་བཞག་ན་ཡག་ཤོས་རེད། རྗེས་སུ་ཡི་རང་ཡོད། དགོན་པ་ནང་ཞུགས་ཚར་ནས་བཟུང་གྲྭ་བ་ལ་མེད་དུ་མི་རུང་བའི་སྡོམ་དམ་ཚིག་ནས་བཟུང་། བསླབ་པ་སློབ་གཉེར་གལ་ཆེན་པོ་རེད་མ་གཏོགས། འཕྲུལ་རིགས་འདི་ཚོ་གྲྭ་བའི་ཡོ་སྤྱད་མ་རེད། དེང་སང་གི་གྲྭ་བ་བཙུན་འདི་ཚོ་ལ་མི་དགོས་རྒྱུ་རྩ་བ་ནས་མེད་པར་མ་ཟད། འགྲོ་མི་མི་དགོས་ས་དང་། ལྟ་མི་དགོས་རྒྱུ། བྱེད་མི་དགོས་པ་གཅིག་ཀྱང་གཅིག་ཀྱང་མི་འདུག་པས་བསྟན་པ་འཇིགས་པའི་སྔ་ལྟས་ཡིན་ནམ། གང་ལྟར་ཡང་བྱུར་འདྲེ་འདྲ་བོ་ཞིག་གིས་དེད་ཡོང་བ་འདྲ་བོ་མཐོང་གི་འདུག ང་ཚོ་ཆུང་དུས་གྲྭ་བཙུན་ཚོའི་ལག་གི་རྒྱན་ཆ་དེ་ཉིད་ཕྲེང་བ་དང་། ལུས་ཀྱི་རྒྱན་ཆ་གཟན་ཤམ་ཡིན་ཡང་། དེང་སང་གི་གྲྭ་བཙུན་འདི་ཚོས་ལག་ན་ཁ་པར་ཞིག་ས་ཆ་གང་དུ་སོང་ཡང་འབྲལ་མེད་དུ་ཐོགས་བཞིན་པ་དང་། དེའི་ནང་དུ་དྲ་རྒྱ་འདྲ་མིན་ལ་མགོ་འཁོར་ནས་སྔོན་ནས་གཡང་ལ་ལྷུང་གི་ཡོད་ན་ཡང་ཧ་གོ་ས་མ་རེད། ལུས་ལ་སྟོད་གོས་ཕུ་མེད་ཅིག་ལས་གཟན་གར་ཡོད་མི་ཤེས་པར་མ་ཟད། ཤམ་ཐབས་ཀྱང་ཕུད་ལ་ཁད་རེད། ད་དུང་གནས་ཚུལ་མ་རུང་བ་ཞིག་ནི་རབ་བྱུང་ཡིན་ཟེར་མཁན་གྱི་གྲྭ་བ། བླ་མ་སྤྲུལ་སྐུ་སུ་ཡིན་རུང་སྒོར་མོ་ཅུང་ཟད་ཡོད་ཚད་ནས་བཟུང་། འདུལ་ཁྲིམས་སྲུང་མི་དགོས་པ་དང་། གཟན་ཤམ་གོན་མི་དགོས་པ་འདྲ་བོ་ཞིག་ཆགས་འདུག ཕྱི་རྒྱལ་ཁག་ནས་བསླེབ་མཁན་མང་པོ་ཞིག་གིས་རྒྱ་གར་བསླེབ་ཚར་དུས་དང་། དགོན་པ་ནས་ཐོན་ཚར་དུས་གོས་ཐུང་ཞིག་གོན་ནས་འགྲོ་བསྡད་མཁན་མང་པོ་ཞིག་མཐོང་སོང་། ད་དུང་དྲ་ཐོག་ཏུ་སྐྱ་ཆས་སྤྲད་པའི་པར་དེ་ཚོ་བཀྲམས་ཏེ་འཇིགས་འཇིགས་བྱེད་མཁན་ཡང་འདུག འདི་ཚོས་རིགས་དེ་ཕྱི་རྒྱལ་དུ་སོང་ན་ཡང་ཁ་ཞེ་མི་མཚུངས་པའི་ལས་དཀའ་རྐྱང་རྐྱང་བྱེད་བཞིན་ཡོད་པ་ལུས་ངག་གི་རྟགས་ལ་བརྟེན་ནས་རྟོགས་ནུས། སྤྱིར་བཏང་སངས་རྒྱས་ཀྱིས་ཀྱང་གང་ཟག་ཐ་མལ་པ་ཞིག་གིས་གང་ཟག་གི་ཚོད་གཟུང་ན་མི་འགྲིགས་པར་གསུང་ཡོད་ན་ཡང་། ལུས་ངག་གི་རྟགས་ལ་བརྟེན་ནས་ནང་གི་སེམས་བརྒྱུད་དཔོག་ནུས་པའི་ཚུལ་ཡང་གསུང་ཡོད་པས། གནས་ལུགས་དང་མཐུན་པའི་གང་ཟག་བཟང་ངན་བཤད་པ་ན་ཡང་ཉེས་པ་ཆེར་མེད་པར་སེམས།

གལ་སྲིད་འཕྲུལ་རིག་འདི་དག་བཀག་འགོག་བྱེད་པ་ཡིན་ན། མགོ་མཇུག་བར་གསུམ་ཚང་མ་ས་ནས་བཀག་ཐུབ་སོང་ན་ཡག་ཤོས་རེད། ཡང་འོག་མ་ཚོར་བཀག་ནས་གོང་མ་ཚོས་གང་འདོད་བྱེད་བསྡད་ན་མཐའ་ཐུབ་པ་ཁག་པོ་རེད། དེ་ཕྱིར་སྟོན་པས་འདུལ་བའི་བསླབ་བྱ་དགེ་འདུན་ཆེ་ཆུང་ཡོད་ཚད་ལ་གཅིག་མཚུངས་སུ་གདམས་ཡོད་པ་བཞིན། དགོན་པའི་བསྒྲིག་ཁྲིམས་ཀྱང་ཆ་སྙོམས་གནང་ཐུབ་སོང་ན། སྐྱ་སེར་ཚང་མས་དགའ་བ་སྒོམ་པ་དང་། རྒྱབ་བསྐྱོར་གནང་ངེས་རེད། རྩ་བ་སྲུང་དགོས་ན་ཡན་ལག་རྣམས་ཀྱང་བདག་ཉར་དགོས་པ་དང་། རྩ་ཆེན་དུ་ངེས་པར་དུ་གཟུང་དགོས་ཀྱི་ཡན་ལག་རེ་རེ་ནས་བསལ་བའི་ཤུལ་དུ་རྩ་བ་ཞེས་པའི་ཡན་གར་བ་ཞིག་ཀྱང་མི་སྲིད་དོ། །བོད་ཀྱི་ནང་ཆོས་བདག་པོ་ཐུབ་སོང་ན། བོད་ཀྱི་རིག་གཞུང་གི་རྩ་བ་ཟིན་སོང་བ་རེད། ནང་བསྟན་འདི་མེད་ན་བོད་པ་ཚོས་གང་ཡང་མི་འཇོན་པ་ནི་ཕར་བལྟས་ཚུར་གཟིགས་རེད། ད་ནུབ་ཕྱོགས་ནས་ཡོད་ཚད་གསར་བ་ཞིག་བསྒྱུར་ནས་དེའི་རྗེས་སུ་བསླབ་ན་འགྲིགས་ཏེ། དེ་དག་ཕལ་ཆེར་དྲ་རྒྱའི་གོང་དུ་ཡོད་པས་སོ་ཟེར་ན། ཆོས་ཀྱི་ཉམས་ལེན་ནི་དྲ་རྒྱའི་གོང་ལ་གཏན་ནས་མི་འདུག འཇིག་རྟེན་གྱི་ཤེས་བྱ་མང་ཆེ་ཤོས་ཤིག་དྲ་བའི་སྒང་དུ་ཡོད་ཀྱང་དེ་ཡང་ལས་སླ་མོ་ཞིག་གཏན་ནས་མ་རེད། དྲ་བའི་གོང་གི་ཤེས་བྱ་ཕལ་ཆེ་བ་ནུབ་ཕྱོགས་པས་སྲོལ་བཏོད་པ་ཤ་སྟག་རེད། གལ་སྲིད་ནུབ་ཕྱོགས་རྩོད་སྒྲུབ་སྨྲ་བའི་ལམ་ལུགས་གཙང་མ་འཛིན་འདོད་ན། རང་གི་རིག་གཞུང་རྙིང་པའི་ལྟ་གྲུབ་མཐའ་དག་རྒྱང་རིང་དུ་འདོར་དགོས་པས། སྐབས་དེ་དུས་ཡང་བསྐྱར་ཕྱིར་ནུར་མ་བྱེད་ན་བློས་ཐོང་གི་མ་རེད། དེ་ཕྱིར་ནང་ཆོས་ལ་སྦྱང་པ་ལེགས་པར་གནང་སྟེ། ཁ་ཞེ་མཚུངས་པ་ཞིག་ཆགས་སོང་ན། བོད་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་བོད་ཀྱི་བླ་སྤྲུལ་མཚན་ཉིད་པ་དག་ལ་གཅིག་ལྟོས་དང་ཤེས་ངེས་ཡིན། གལ་སྲིད་འཕྲུལ་རིགས་བཀག་འགོག་ལ་འགའ་ཞིག་གིས་མ་ཉན་ཏེ། ངོ་རྒོལ་བྱས་པའམ། གྲྭ་ཚང་ཕྱེད་ཀ་ཞིག་གིས་མ་ཉན་པ་ཡིན་ན་ཡང་གྲྭ་ཚང་ཕྱེད་ཀ་གནས་དབྱུང་གཏང་ཐུབ་སོང་ན། དེའི་རྗེས་ནས་གྲྭ་ཚང་གི་དགེ་འདུན་པ་ཉིས་ལོགས་སུམ་ལོགས་འཕེལ་བ་ལས། འདུས་ཚོགས་རྒྱས་པ་ལ་གནོད་རྒྱུ་གཏན་ནས་མ་རེད། དེ་མིན་མ་རབས་དེ་ཚོས་དྲ་རྒྱའི་གོང་དུ་སྤྱོད་ངན་གང་བྱས་ལ་ལེགས་སོ་ཕུལ་ཏེ་བསྒུག་བསྡད་ན། དགེ་འདུན་གྱི་འདུས་སྡེ་མི་རིང་བར་ཉམ་ངེས་སོ། །དེང་སང་དགོན་སྡེ་ཁག་ཏུ་གྲྭ་བ་འཛུལ་ཞུགས་བྱེད་མཁན་མེད་པར་ཆགས་པ་དེ་གྲྭ་བའི་སྒྲིག་ཁྲིམས་མ་སྲུང་བའམ། དགེ་བསྐོས་དང་། མཁན་པོ། དགོན་བདག་རྣམ་པས་ཆོས་ཁྲིམས་ཡག་པོ་བསྡམས་མ་ཐུབ་པས་ལན་སོང་བ་ཡིན་ནམ་སྙམ། ཆོས་བརྒྱུད་དང་། གྲྭ་རྒྱུན་ཞེས་པ་དེ་དགོས་ཀྱིན་ཡོད་ན་དགོན་པ་གཙང་མ་ཞིག་དང་། དགེ་འདུན་སྡེ་གཉིས་གང་རུང་ཁ་ཚོན་ཆོད་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད། འདིའི་སྐོར་བླ་མ་མཆོག་གིས་ཀྱང་བཀའ་ཐེངས་མང་ཕེབས་ཚར་བ་རེད། ངའི་སེམས་ལ་དགེ་ལྡན་པའི་ནང་དུ་ཡང་དགེ་འདུན་སྡེ་གཉིས་ཡོད་དགོས་ངེས་ཤིག་དང་། ཆོས་བརྒྱུད་གཞན་པ་དག་གིས་སློབ་སྦྱོང་གནང་སྟངས་དང་། བསླབ་པའི་གོ་རིམ་དག་དགེ་ལྡན་པ་ལ་དཔེ་བླངས་ཏེ། ཕན་ཚུན་བརྗེ་ལེན་བྱ་རྒྱུ་རྒྱུ་ཞིག་ཀྱང་ཡོད་པར་སེམས། གསར་རྙིང་རིས་མེད་ཀྱི་གཞུང་ལུགས་རབ་འབྱམས་ལ་སྦྱང་འདོད་ན་ཡང་དྲ་རྒྱ་དགོས་དོན་གཏན་ནས་མི་འདུག སྤྱིར་བཏང་དགེ་འདུན་པ་རབ་བྱུང་ཤ་སྟག་བྱུང་ན་དེ་གས་འཐུས་པ་རེད། དེ་ལས་གཞན་ཞིག་ཡོད་དགོས་པའི་ངེས་པ་ཆེར་མི་འདུག་མོད། ཡིན་ན་ཡང་དེང་སང་གི་དུས་ཚོད་དང་བསྟུན་པ་ཡིན་ན། རབ་བྱུང་གཙང་མ་དཀོན་པོ་ཆགས་བཞིན་པ་རེད། ང་ཚོའི་བསྟན་པ་གནས་དགོས་དུས་རྩ་ནས་གོས་དཀར་གྱི་སྡེ་དེ་ཉིད་ཁྱིམ་པ་དང་དབྱེ་འབྱེད་རྩ་བ་ནས་མེད་པ་ཞིག་ཏུ་གྱུར་སོང་ན། བསྟན་པ་ལ་འགལ་རྐྱེན་ཆེན་པོ་ཞིག་འགྱུར་བར་སེམས་ནས་ཡོད། མཆོད་གནས་དང་ཡོན་བདག་གཉིས་འདྲ་མཉམ་ཆགས་སོང་བ་ཡིན་ན། ཆོས་ཀྱི་རིན་ཐང་ལ་གནོད་པ་དང་། དེ་ནས་རིམ་གྱིས་ལྟ་གྲུབ་རྣལ་མ་འཛིན་པའི་མཁས་པ་མེད་པ་འགྱུར་རོ། །ཡང་གྲྭ་བ་འགའ་ཞིག་གིས་དགོན་པའི་ནང་ཁྲིམས་མང་པོ་ཞིག་ཁུར་ཐུབ་ས་མ་རེད། དེ་བས་ཁྱིམ་དུ་ལོགས་ནས་སྐྱིད་ཉལ་རྒྱག་ནས་འདུག་རྒྱུ་ཡིན་ཟེར་མཁན་དག་ལ་མཚོན་ན། ལུགས་གཉིས་ཀྱི་གནད་གསང་རྩ་བ་ནས་མི་ཤེས་པ་དེ་ཚོ་རེད། འཇིག་རྟེན་འདིར་གནས་ནས་བཟུང་། རྒྱལ་ཁྲིམས་དང་ཆོས་ཁྲིམས་གང་རུང་མ་འཁུར་ན་འགྲོ་ས་མེད་པ་ལས་ཀྱིས་བསྐོས་སོང་བ་རེད། དེ་ཕྱིར་དགོན་ཁྲིམས་དང་ཆོས་ཁྲིམས་རྩིས་མེད་བཏང་བའི་ཕུང་གསུམ་པ་དེ་ཚོ་ངེས་པར་དུ་ཁྲིམས་ཀྱིས་བཙུར་དགོས་པའི་གཏེ་བོ་དེ་ཚོ་རེད། ཁོ་ཚོས་གྲྭ་བ་གསར་བ་དང་། གྲྭ་ཆུང་ཚོར་དགོན་པར་སུན་པའི་གཏམ་ཁོ་ན་སྨྲས་ཏེ། གསར་ཞུགས་ཚོར་འདུག་བཟོ་མི་བདེ་བ་བཟོ་བ་དང་། ཕྱི་རྒྱལ་ཁག་ཏུ་སོང་སྟེ་རྒྱ་མགོ་ཅུང་ཟད་བརྡུང་ཐུབ་པ་ན། ཚུར་དགོན་པར་ཡོང་། སྒོར་མོ་ཅུང་ཟད་ཡོད་པ་དེ་ངོམས་ནས་སྦྱིན་བདག་བྱེད་མདོག སྐུ་འགྱེད་གཏང་མདོག ཁ་པར་དང་། གློག་ཀླད། རླངས་འཁོར་གོང་ཆེན་སོགས་ངོམས་བཞིན་ཕྱུག་པོ་ཡིན་མདོག་བྱས་ཏེ་གྲྭ་ཚང་གི་གཉེར་བ་རྣམས་དབང་དུ་བསྡུས། གྲྭ་བ་ཀླད་མེད་འགའ་ཞིག་གྲོགས་སུ་བཀུགས། སྦག་སྦག་བཞོན་ཏེ་ཕུ་ཡར་ལ་རྒྱུག མདའ་མར་ལ་རྒྱུག མི་བྱེད་དགུ་བྱེད་ཚང་མ་བྱས། དེ་ནས་དགོན་པའི་ནང་དུ་འབྱོར་བ་མེད་ན་ངོ་སོ་མེད་པ་དང་། འཇོན་ཐང་མེད་པ་ལྟ་བུར་གྱུར་ནས་ཡོད་ཚད་ཀྱིས་དེའི་ཕྱོགས་ལ་བརྩོན་མཁན་ཡང་མང་པོ་རེད། དེ་ཕྱིར་དགེ་འདུན་སྒྲིག་གིས་འཚོ། ངང་པ་ཆུ་ཡིས་འཚོ་ཟེར་བ་བཞིན། དགེ་འདུན་ལ་འདུལ་བ་དང་མཐུན་པའི་དགག་སྒྲུབ་བསླབ་བྱ་ཡང་དག་ཅིག་བཞག་ཐུབ་དགོས་པ་རེད། དེ་ལྟར་མ་བྱུང་ན། དགེ་འདུན་ལ་སྒྲིག་མེད་ན་དམ་ཉམ་ལུང་པ་གང་། དཔོན་པོ་ལ་ཁྲིམས་མེད་ན་ཁྲམ་པས་ལུང་པ་གང་ཟེར་བ་བཞིན་ཉེན་ཁ་ཆེན་པོ་རེད། དེ་ཕྱིར་ཆོས་དང་། འཇིག་རྟེན་གང་ཡིན་ཡང་ཁྲིམས་དང་། སྒྲིག་ལམ་ཞིག་མེད་ན། ཆུང་ས་ནས་ལྟོ་དགང་བ་ལ་ཡང་དཀའ་ཁག་མཆིས་ན། ཚོགས་པ་དང་། དགོན་སྡེ་བསྐྱང་དགོས་ན་ཁྲིམས་མེད་ན་ག་ལ་འགྲིགས།

དེང་སང་དེ་བས་ཀྱང་ཆོས་བརྒྱུད་ཆེ་ཆུང་སུ་ཡིན་ན་ཡང་གཙོ་ཆེ་ཤོས་དེ་སྤྲུལ་སྐུ་དང་། མཁན་པོ། དགེ་བཤེས་འདི་ཚོས་ཐུགས་གཟབ་གནང་དགོས་ཀྱི་འདུག ཁྱོད་ཚོ་དགོན་པ་དང་། བཤད་གྲྭ། སློབ་གྲྭ་སོགས་ཀྱི་གཙོ་བོ་རེད། གཙོ་བོ་རྣམས་ཡག་པོ་ཞིག་ཆགས་སོང་བ་ཡིན་ན། ཆུང་ས་ནས་སྐྱོན་ཅུང་ཟད་བསླེབ་བསྡད་པ་ཡིན་ན་ཡང། སྤྱི་ཚོགས་དེ་དང་། དགོན་སྡེ་དང་། བཤད་གྲྭ་དེ་ལ་སྐྱོན་ཆེན་པོ་ཞིག་བསླེབ་ཐུབ་མདོག་ཁག་པོ་མ་རེད། གོང་ན་སྐྱོན་ཞིག་བསླེབ་སོང་བ་ཡིན་ན་དགོན་སྡེའི་སྒྲིག་ཁྲིམས་པ་ནས་བཟུང་ཡོད་ཚད་ལ་ཁག་པོ་ཆགས་པ་རེད། སྐྱོན་བསླེབ་པ་དང་། གོང་མ་ཚོས་དགོངས་པ་ཞུས་རོགས་གནང་ན་འགྲིགས་ཀྱང་། གོང་གི་གོ་ས་དེ་གཏན་ནས་འདོར་མི་ཐུབ་པའི་སྡུག་བསྔལ་ཆེན་པོ་ཞིག་ཡོད་ཚོད་རེད། དེ་ཕྱིར་བསྟན་པ་འཛིན་འདོད་ན་ཁ་ཞེ་མཚུངས་པ་ཞིག་དང་། ལས་འབྲས་དང་། སྡོམ་དམ་ཚིག་སྲོག་བཞིན་བསྲུངས་ཏེ། ངས་ཆོས་བཞིན་འདུལ་བ་བཞིན་དུ་བྱས་ཡོད་ད་བསྙམ་པའི་རང་གིས་རང་ལ་ཡིད་ཆེས་པ་ཞིག་དང་། གཞན་དག་གིས་ཀྱང་ཁོང་ནི་བླ་མ་མཚན་ཉིད་ཚང་བ་ཞིག་རེད་ད། ཞེས་པའི་ཡིད་སྨོན་འཆོར་ས་ཞིག་བྱུང་ན། ཆོས་བརྒྱུད་དང་། མི་རིགས་གཉིས་ཀྱི་གཟི་བརྗིད་རེད། དེ་མིན་དགེ་འདུན་སྡེ་གཉིས་གང་གི་ཁུངས་སུ་མ་གཏོགས་པའི་ཕུང་གསུམ་པའི་སྤྱོད་པས་རཉིད་དང་། མི་རིགས། ཆོས་བརྒྱུད་མཐའ་དག་ལ་ཕན་ཐོགས་སྐར་གང་མེད་པར། གནོད་ཆེན་པོ་ཞིག་སྐྱེལ་ངེས་པས་ཐུགས་གཟབ་གནང་རོགས་ཞུ།

མདོར་ན་དགོན་པ་སྲ་བརྟན་ཆགས་དགོས་ན། ལས་འབྲས་དང་། སྡོམ་པ། དམ་ཚིག་གསུམ་ཡང་དག་པར་སྲུང་དགོས་པ་ནི་གཞི་རྩ་རེད། དེའི་སྟེང་ནས་སློབ་གཉེར་གནང་དགོས་པ་དེ་ཨང་གཉིས་པ་རེད། སློབ་གཉེར་ཡོད་ཀྱང་རང་གིས་ཉམས་ལེན་ཡག་པོ་མ་གནང་ན། མི་ལ་བཤད་ཀྱང་ཉན་མཁན་ཁག་པོ་རེད། དེ་ཕྱིར་ཐུགས་མཐུན། ཁྲིམས་གཙང་། སྤང་ཀློག་གི་བྱ་བ་བརྩོན་པ་སྟེ། བསྒྲིགས་ཁྲིམས་ཆེན་པོ་བཞི་དང་མ་འབྲལ་ནས་དགོན་པ་ཞེས་པའི་མཚན་ཉིད་ཚང་སོང་བ་རེད།

དེང་སང་འཛམ་གླིང་ཤར་ནུབ་ཀྱི་དྲ་བའི་གསར་འགྱུར་ཁག་ལ་ལྟོས་དང་། ཡོད་ཚད་ཀྱིས་རྩོད་བཞིན་པ་ནི་ཐོབ་ཐང་རེད། ཆབ་སྲིད་པས་ཐོབ་ཐང་རྩོད་རྒྱུ་ནི་སྤྱིར་བཏང་ཞིག་རེད། ཆབ་སྲིད་ཅེས་པ་དེ་སྒེར་རང་ཉིད་དང་། རང་གི་ཚོགས་པ། རང་གི་མི་རིགས། རང་གི་རྒྱལ་ཁབ་ཆེད་དུ་རང་ཁེ་གཞན་ཕམ་བྱ་བའི་ཐབས་ལམ་ཞིག་རེད། དེ་ཕྱིར་ཆབ་སྲིད་པས་ཐོབ་ཐང་རྩོད་པ་དེ་ལ་དམིགས་བསལ་ཧ་ལས་དགོས་དོན་མི་འདུག་མོད། དམ་པའི་ཆོས་ཞེས་པ་དེ་རང་ལས་གཞན་གཙོ་བོར་བྱ་དགོས་པ་དང་། རང་དོན་ལས་གཞན་དོན་གཙོ་ཆེར་བཟུང་བའི་ཐབས་ལམ་ཞིག་ཡིན་དུས་རྩ་ནས་ཐོབ་ཐང་རྩོད་པ་དེ་མཐའ་གཅིག་ཏུ་ནོར་བ་རེད། སྔོན་གྱི་དུས་སུ་ཆོས་ལུགས་དང་། ཆོས་བརྒྱུད་ཐ་དད་པ་བྱུང་བ་དག་ཕུལ་བྱུང་གི་བློ་གྲོས་མངའ་བའི་སྐྱེས་བུ་ཚད་ལྡན་ཞིག་དང་། དེས་ལམ་དང་ལུགས་སྲོལ་བཏོད་པའི་ལྟ་གྲུབ་ཚད་ལྡན་དག་གི་རྗེས་འབྲངས་པ་དག་མ་འབད་ངང་གིས་བྱུང་བ་ཞིག་ལ་ཆོས་ལུགས་དང་། ཆོས་བརྒྱུད་ཅེས་པའི་མཚན་དེ་ཆགས་པ་དང་། དེ་ཕྱིར་ང་ལ་ཆོས་བརྒྱུད་དང་ཆོས་ལུགས་ཀྱི་ཐོབ་ཐང་སྤྲོད་དགོས་ཞེས་པའི་དམིགས་ཀྱིས་བཀར་ཏེ། སྲིད་གཞུང་དང་། རྒྱལ་ཁབ་གང་རུང་ལ་སྙན་ཞུ་ཕུལ་བ་དང་། ཐོབ་ཐང་རེ་བ་དེ་འདྲ་དགོས་ཀྱིན་མེད་པ་རེད། དེ་ནི་དམ་པའི་ཆོས་ཡང་དག་པར་སྒྲུབ་མཁན་གྱི་ཁྱད་ཆོས་རེད། ད་ནི་ཆོས་ལུགས་པ་དག་གིས་ཆབ་སྲིད་པས་གང་བྱས་ཆོས་པས་བྱ་དགོས་པའི་འདུན་པ་ཉི་ཚེ་བ་ཞིག་གིས་སྣེ་ཁྲིད་དེ་ཡོད་ཚད་ནས་ཡོད་ཚད་ལོག་ལམ་དུ་འགྲོ་སོང་། སྲིད་གཞུང་གི་སྒོ་འགྲམ་དུ་ང་ཚོ་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཞེས་ངོ་རྒོལ་བྱེད་ཀྱིན། ཁོང་ཁྲོ་ཟ། ཚིག་རྩུབ་ཤོར། དེ་ཚོ་དྲ་རྒྱའི་སྒང་ལ་ཐོན་ཡོང་དུས་ང་ནི་ངོ་ཚ་ཡོང་གི་འདུག སྔོན་བྱོན་བདག་ཅག་གི་སྟོན་པ་ནས་བཟུང་བཀའ་གདམ་པའི་དགེ་བའི་བཤེས་ཚོས་ཐོབ་དང་། གོ་ས་ཡོད་ཚད་སྤངས་ཏེ་ཆོས་ཀྱི་སྙིང་པོ་དེ་ཁོ་ན་འཚོལ་བའི་རྒྱུ་མཚན་གྱིས་ཆོས་དེ་ལ་དམིགས་བསལ་གྱི་རིན་ཐང་ཞིག་བསླེབས་པ་དང་། དེའི་རྗེས་སུ་འཇུག་པའི་སྐྱེ་བོ་ཡང་གྲངས་ཀྱིས་མི་ལང་པ་ཞིག་བྱུང་བ་རེད། རང་ལ་ཆོས་ཀྱི་ཉམས་ལེན་མེད་ན་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ཀྱང་རྗེས་འབྲང་རྙེད་པ་ཁག་པོ་རེད། དེ་ཕྱིར་ཁྱོད་རང་ཆོས་བརྒྱུད་ཀྱི་བདག་པོ་ཉིད་དུ་བྱ་འདོད་ན་མཁས་པའི་ཚུལ་དགུས་ལེགས་པར་བརྒྱན་པའི་དོན་དམ་པའི་ཆོས་པ་ཞིག་བྱོས་དང་། ཐོབ་ཐང་རྩོད་དགོས་རྒྱུ་མ་རེད་ལ། ཐོབ་ཐང་རག་མ་སོང་བསྙམ་པའི་ངོ་གནོང་དགོས་དོན་མེད་པར་མ་ཟད། ཁྱེད་རང་གི་རྗེས་སུ་འཇུག་པའི་སྐྱེས་བུ་ཚད་ལྡན་དུ་མ་ཞིག་བསླེབ་ངེས་རེད། ཐོབ་ཐང་དང་ཁེ་དབང་རྩོད་ནས་ཆོས་བརྒྱུད་ཅེས་པའི་མིང་ཐོབ་ཀྱང་གོང་ན་བཞུགས་པའི་དབུ་འཛིན་ཚད་ལྡན་ཞིག་ཡོང་བ་ཁག་པོ་རེད། དེ་མེད་ན་ཆོས་བརྒྱུད་འཁེ་འཆེ་བ་ཚོས་གྱོང་རག་རྒྱུ་ཉག་གཅིག་རེད། དེ་ཕྱིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའམ། གཡུང་དྲུང་བོན་དང་བཅས་པའི་དགེ་འདུན་པའི་འདུས་སྡེ་སྣེ་ཁྲིད་པ་ཚོས་རང་གི་བརྒྱུད་པ་འཛིན་སྟངས་དེ་སྔོན་གྱི་དམ་པ་གོང་མ་ཚོའི་བྱས་རྗེས་ལ་གྱེན་དུ་ལྟ་བ་ལས། དེང་སང་རིག་གསར་བ་ཚོས་རྩོད་འགྲན་གྱི་ལམ་ལོག་ལ་ཐུར་དུ་མི་གཟིགས་པར། སྒོ་གསུམ་ཆོས་དང་མཐུན་པ་ཞིག་དགོས་པ་ནི་ཆོས་བརྒྱུད་ལ་སྨན་པའི་བྱ་བ་གལ་ཆེན་ཞིག་རེད། ངས་མཐོང་ཚོད་ལ་གནའ་བོའི་དུས་ཆོས་བརྒྱུད་ཀྱི་བདག་པོ་ཞེས་མིང་དོན་མཚུངས་པའི་དགོན་ཆེན་དག་གི་བརྒྱུད་འཛིན་པ་ཚོས་དེང་སང་གང་ཡང་མི་འཇོན་པར་ཕྱོགས་གཞན་ཞིག་ནས་ཆོས་བརྒྱུད་བྱེ་བྲག་པ་ཞིག་འབྱུང་ལ་ཉེ་བར་མཐོང་། གནའ་བོའི་ཆོས་བརྒྱུད་འཛིན་པའི་གང་ཟག་རེ་ཟུང་གིས་ཆོས་བརྒྱུད་ཀྱི་མིང་དང་། གོ་ས་ཙམ་ལ་ཆགས་ཤིང་། ཐོབ་ཐང་དེས་ང་རྒྱལ་བ་ལས། སྔོན་གྱི་རྒྱལ་བ་གོང་མའི་ཕྱག་བཞེས་ཕྲིན་སྒྲུབ་ནས་བཟུང་། དབང་ལུང་ཁྲིད་རྒྱུན་ཡོད་ཚད་དབང་གཞུའི་རྗེས་སུ་སྐྱེལ་ལ་ཉེ་བའི་སྔ་ལྟས་སུ། ནང་གི་བསམ་བློ་དང་། ཕྱིའི་སྤྱོད་པ། ངག་གི་སྨྲ་བརྗོད་ལས་རྟོགས་ཐུབ་པས། ཚང་མས་ཡང་འདུག་བྱ་རྒྱུ་ཡོད་ན་དམ་པའི་གོང་མའི་གཤེགས་ཤུལ་བསྙེགས་དགོས་པར་འདོད་དོ། །ཁྱད་པར་ཆོས་བརྒྱུད་ཀྱི་དབུ་འཛིན་འཁེ་ཆེ་བའི་རིགས་ཀྱིས་དྲ་རྒྱའི་གོང་དུ་དེ་བས་གཟབ་དགོས་པར་འདུག ང་ཚོས་ཡི་གེ་འབྲུ་གཅིག་དང་། པར་གཅིག་བལྟས་པ་ཡིན་ན་ཡང་། དྲ་རྒྱའི་ཆེད་མཁས་པ། རྒྱལ་ཁབ་རིམས་པའི་གསང་བའི་ལས་བྱེད་པ་དང་། ཉམས་ཞིབ་པ་ཚོས་མཐོང་བཞིན་པ་རེད། དེ་ཕྱིར་ཡུལ་དུས་གནས་སྟངས་གང་ལ་བསམ་བློ་བཏང་བ་ཡིན་ན། དྲ་རྒྱའི་འཇིག་རྟེན་ནི་ཆེས་འཇིགས་སུ་རུང་བའི་གཡུལ་ས་ཞིག་གོ། །

འཇིག་རྟེན་ཉེར་སྤྱོད་མ་ལུས་འཛོམས་ན་ཡང་།
དམ་ཆོས་སྒྲུབ་ལ་འགལ་རྐྱེན་སྣ་ཚོགས་ཅན། །
ཁྱད་པར་གྲྭ་བཙུན་གཉིས་ཀྱི་སྡོམ་པའི་དགྲ། །
ཆགས་པའི་རྒྱ་མཚོ་དྲ་རྒྱ་འགོག་ན་ལེགས། །ཞེས་ཀྱང་སྨྲས་སོ། །

དཔྱད་མཆན་སྤེལ།

Close Menu