གནའ་བོའི་མཆོད་གནས་གཤེན་རབ་ཀེ་ལ་ཤའི།།
ཐུགས་བསྐྱེད་ཁ་འབབས་རྣམས་བཞི་ལས་འོང་བའི།།
བོན་རྩིས་སྨན་དང་ཕྱྭ་གཡང་དག་བྱེད་གཏེར།།
གངས་ལྗོངས་ཕན་བདེའི་དབྱིག་འཛིན་ཨེ་མ་རྨད།།
སྤྲུལ་པའི་ལོ་པཎ་མཁས་ཤིང་གྲུབ་བརྙེས་ཀྱིས།།
ལེགས་བསྒྱུར་མདོ་སྔགས་སྤྱི་དང་ནང་བརྒྱུད་གསུམ།།
ཁྱད་པར་སེམས་ཀློང་མན་ངག་སྲོལ་འཛིན་པའི།།
སྔ་འགྱུར་གདུགས་མཛེས་བསིལ་ལྡན་བླ་རུ་བརྗིད།།
ན་རོ་མཻ་ཏྲིའིགདམ་ཟབ་བདུད་རྩིའི་རྒྱུན།།
མར་རྔོག་ཡབ་སྲས་ཐུགས་ཀློང་ལེགས་བསྐྱིལ་བའི།།
ཕྱག་ཆེན་སྙན་བརྒྱུད་སྐྱེ་ལྔའིསྒྲ་དབྱངས་ཀྱིས།།
ས་གསུམ་ཁྱབས་མཛད་འགྲོ་མགོན་བཀའ་བརྒྱུད་རྒྱལ།།
གྲུབ་ཆེན་བིར་ཝའི་ཐུགས་བཅུད་གདམས་སྐོར་སྤྱི།།
ཁྱད་པར་ཚད་མ་བཞི་ལྡན་ལམ་འབྲས་དང་།།
མདོ་སྔགས་བཤད་དང་སྒྲུབ་པས་གསལ་མཛད་པའི།།
བརྩེ་ཆེན་རིང་ལུགས་འདོད་འབྱུང་བུམ་བཟང་དངོས།།
ཇོ་བོ་རྗེ་དང་ཁུ་རྔོགས་འབྲོམ་གྱི་སྲོལ།།
ལྷ་ཆོས་བདུན་ལྡན་སྐྱེས་བུ་གསུམ་གྱི་ལམ།།
མདོ་སྔགས་ལྟ་སྤྱོད་བགྲོས་གཙང་པདྨ་དཀར།།
འཇམས་དཔལ་སྙིང་པོའི་རིང་ལུགས་སྣང་སྤྱོད་མཛེས།།
ཆོས་རྒྱལ་རིགས་ལྡན་དུས་ཞབས་ཆེ་ཆུང་ལས།།
རིམ་བརྒྱུད་ར་འབྲོ་རང་བྱུང་བུ་དོལ་སྲོལ།།
དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི།།
སྦྱོར་དྲུག་ཕུན་ཚོགས་དཔལ་བེའུས་ས་གསུམ་ཁྱབ།།
དམ་པའི་ཞི་བྱེད་མ་གཅིག་ལབ་ཀྱི་གཅོད།།
རྨ་སོ་ཀ྄ཾ་སོགས་བཀའ་བབས་སྔ་ཕྱིའི་སྲོལ།།
རྟེན་འབྲེལ་ལམ་གྱིས་འགལ་རྐྱེན་ཆོས་སྐུ་རུ།།
ལྟ་བའི་ཞི༵་གཅོ༵ད་གསེར་ཉའི་སྤྱན་སྟོང་བཀྲ།།
ཁྱུང་པོ་རྣལ་འབྱོར་རིན་ཆེན་བདུན་བརྒྱུད་ཀྱི།།
གདམས་ཟབ་རླུང་སེམས་དྷུ་ཏིར་ངལ་འཚོ འི་ཐབས།།
གྲུབ་ཐོབ་ཨོ་རྒྱན་རྡོ་རྗེའི་བསྙན་སྒྲུབ་སོགས།།
གྲུབ་བརྙེས་དབང་བསྒྱུར་འཁོར་ལོ་རིན་ཆེན་རྒྱལ།།
རྒྱལ་བའི་ཡོན་ཏན་མཚོན་བྱེད་ཤིས་་པའི་རྟགས།།
བརྒྱད་ཀྱི་གྲངས་ལྡན་རིས་མེད་ཆོས་བརྒྱུད་སྡེ།།
འཇིག་རྟེན་གསུམ་ན་མཚུངས་པ་མེད་པའིནོར།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བརླིང་གྱུར་ཅིག །
ཅེས་པ་འདིའང་རབ་གནས་ཤིང་ཕོ་རྟ། ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་དགའ་བ་གཉིས་པའི་ཉིན། མཁན་མིང་ཡེ་ཤེས་་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། །།