བྱེད་སྒྲ་ཉིས་བརྩེགས་ལ་དཔྱད་པ།

༄༅།།བྱེད་སྒྲ་ཉིས་བརྩེགས་ལ་དཔྱད་པ།

                སྒང་གཤོང་རི་མོ་ཁ་ཁ། 

          རྩོམ་པ་པོ།   གངས་ཆུ་ཐིགས།   (རི་བོ་ཆེ)

           དེ་ཡང་། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་སུམ་ཅུ་པ་ལས་བྱེད་སྒྲའི་རྣམ་གཞག་འཆད་ཚེ། ཁ་ཅིག་གིས། སྐབས་ཀྱི་བྱེད་པ་པོ་དང་བྱེད་པ་གཉིས་ཀ་དངོས་སུ་གསལ་བ་ཡིན་ན། དེར་བྱེད་སྒྲ་ཉིས་བརྩེགས་བྱེད་དགོས་ཞེས་མཐའ་གཅིག་ཏུ་ཐག་གཅོད་པ་དང་།  ཁ་ཅིག་གིས། བྱེད་པོ་དང་བྱེད་པ་གཉིས་ཀྱི་བར་དུ་འབྲེལ་སྒྲའི་ཕྲད་དང་། བྱེད་པ་རང་ལ་བྱེད་སྒྲའི་ཕྲད་སྦྱར་ཏེ། མདོར་ན་བྱེད་པོ་དང་བྱེད་པ་གཉིས་ཀ་དངོས་སུ་ཡོད་རུང་བྱེད་སྒྲའི་ཕྲད་གཅིག་མ་གཏོགས་མི་དགོས་ཞེས་ཁ་ཚོན་གཅོད་པ་དང་། ཡང་འགའ་ཞིག་གིས། འབྲེལ་སྒྲའི་ཕྲད་གཅིག་དང་བྱེད་སྒྲའི་ཕྲད་གཅིག་སྦྱོར་བའམ། ཡང་ན་བྱེད་སྒྲའི་ཕྲད་ཉིས་བརྩེགས་བྱེད་པ་གཉིས་ཀ་ལ་ཕྱོགས་རེ་རེ་ནས་གོ་བ་རེ་ལེན་རྒྱུ་ཡོད་སྟབས། ཇི་ལྟར་བྱས་ཀྱང་འགལ་བ་མེད་ཅེས་ཟེར་རོ།། དེ་དག་ལས། འདོད་པ་སྔ་མ་གཉིས་ནི་བྱེ་བྲག་མ་ཕྱེས་པར་མཐའ་གང་རུང་ཞིག་ཏུ་ཐག་བཅད་པ་ཡིན་སྟབས། ཕྱོགས་རེ་ནས་འགྲིག་ཀྱང་ཕྱོགས་རེ་ནས་འགལ་བ་ལྟར་སྣང་བ་དང་། འདོད་པ་ཕྱི་མ་དེ་ནི་ཁ་ཁྲལ་འཇལ་བ་ཙམ་ལས་གནད་ལ་དཔྱད་པའི་གཏམ་གཏན་ནས་རེད་མི་འདུག་ལ། གང་ལྟར་དེ་དག་ཐམས་ཅད་ཀྱིས་བྱེད་སྒྲ་ཉིས་བརྩེགས་དགོས་མིན་གྱི་རྒྱུ་མཚན་ཡང་དག་ཅིག་ཞིབ་བཤད་བྱས་མི་འདུག་སྙམ།

   དེ་ཡང་ཇི་ལྟར་ཞེ་ན། སྐབས་ཀྱི་དཔེར་བརྗོད་དམ།ཚིག་སྦྱོར་ཞིག་གི་ནང་དུ་བྱེད་པོ་དང་བྱེད་པ་གཉིས་ཀ་དངོས་སུ་གསལ་བ་ཙམ་གྱིས་དེར་བྱེད་སྒྲ་ཉིས་བརྩེགས་དང་རྐྱང་པ་གང་རུང་དུ་ཐག་གཅོད་སྔ་མི་བྱེད་པར། ཐོག་མར་དེ་སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀྱི་བར་དུ་འབྲེལ་བ་ཇི་ལྟར་གྲུབ་མིན་ལ་བརྟག་དགོས་འདུག་སྙམ། དེ་ཡང་བརྡ་སྤྲོད་ལུགས་ཀྱི་འབྲེལ་བ་ལ། ངོ་བོ་བདག་ཅིག་གི་འབྲེལ་བ་དང་། ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ།ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སོགས། མདོར་ན་འབྲེལ་གཞི་དང་འབྲེལ་ཆོས་ལྷན་འབྱུང་གི་འབྲེལ་བ་སྟེ། ནམ་ཡང་ཁ་འབྲལ་དུ་མི་རུང་བར་འབྲེལ་བའི་རིགས་ཤིག་དང་། རྒྱུ་འབྲས་ཀྱི་འབྲེལ་བ་དང་། རྟེན་དང་བརྟེན་པའི་འབྲེལ་བ། བདག་པོ་དང་རྫས་ཀྱི་འབྲེལ་བ་སོགས་སྐབས་ཐོབ་ཀྱི་འབྲེལ་བ་སྟེ། འབྲེལ་གཞི་དང་འབྲེལ་ཆོས་ཁ་འབྲལ་རུང་ཅན་གྱི་འབྲེལ་བའི་རིགས་ཤིག་སྟེ་གཉིས་ཡོད་པ་ལས།སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀྱི་བར་དུ་ལྷན་འབྱུང་གི་འབྲེལ་བ་གྲུབ་པའི་རིགས་ཅན་དེ་ཡིན་ན། དེའི་སྐབས་འབྲེལ་གཞི་དང་འབྲེལ་ཆོས་བར་དུ་འབྲེལ་སྒྲ་སྦྱར་ཅིང་མཐར་བྱེད་སྒྲ་གཅིག་གིས་ཆོག་པ་ཡིན་ཏེ།  དཔེར་ན། བཀྲ་ཤིས་ཀྱི་ལག་པས་ཤིག་བསད་ལྟ་བུ། འདིའི་སྐབས་བཀྲ་ཤིས་བྱེད་པོ་དང་ལག་པ་བྱེད་པ་ཡིན་ལ།འདིར་བྱེད་སྒྲ་གཅིག་མ་གཏོགས་མི་དགོས་པའི་རྒྱུ་མཚན་ནི། བཀྲ་ཤིས་ཀྱི་ལག་པ་དང་བཀྲ་ཤིས་གཉིས་ཀྱི་བར་ལ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སྟེ། འབྲལ་དུ་མི་རུང་བའི་འབྲེལ་བ་གྲུབ་ཡོད་སྟབས། འཇིག་རྟེན་ཡོངས་གྲགས་ཙམ་དུ།བཀྲ་ཤིས་ཀྱི་ལག་པས་ཤིག་བསད་ཅེས་བཤད་ན་དེ་སྐབས་ཤིག་གསོད་པ་པོ་གཙོ་བོ་བཀྲ་ཤིས་ཡིན་པར་འཁྲུལ་མེད་དུ་གོ་ཐུབ་པ་དང་། གལ་སྲིད་འདིའི་རིགས་ལ་འབྲེལ་སྒྲ་གཏན་ནས་མེད་པར་བྱེད་སྒྲ་ཉིས་བརྩེགས་བྱས་བཞག་ན་སྐྱོན་ག་རེ་ཡོད་ཟེར་ན། དེ་སྐབས་ཀྱི་ཚིག་སྦྱོར་འབྲི་བ་པོའམ་རྗོད་པ་པོ་དེའི་ཞེ་འདོད་ནི། སྐབས་ཀྱི་བཀྲ་ཤིས་ཤིག་གསོད་པ་པོ་དང་། གསོད་བྱེད་ལག་པ་དེ་བཀྲ་ཤིས་ཀྱི་ཡིན་ཞིང་། བཀྲ་ཤིས་ཀྱིས་རང་གི་ལག་པ་བེད་སྤྱད་དེ་ཤིག་བསད་པར་སྟོན་དགོས་ཀྱང་། ཚིག་གིས་ཉམས་འདོན་སྟངས་རེ་རེ་ནས་ཞིབ་པར་འགྲེལ་དགོས་ན། དེར་འབྲེལ་སྒྲ་མེད་ན་གསོད་བྱེད་ལག་པ་དེ་གསོད་པ་པོ་བཀྲ་ཤིས་ཀྱི་ཡིན་པར་འཁྲུལ་མེད་དུ་གོ་བར་བྱེད་མི་ཐུབ་པར། བཀྲ་ཤིས་ཀྱིས་ཤིག་བསད་ཅིང་ལག་པས་ཀྱང་ཤིག་བསད་པར་སྟོན་པ་ཙམ་ལས་དེ་གཉིས་ཀྱི་བར་དུ་འབྲེལ་བ་ཡོད་པར་སྟོན་མི་ནུས་པ་ཡིན་ནོ།། ཡང་སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀ་དངོས་སུ་གསལ་ཞིང་། དེ་གཉིས་ཀྱི་བར་དུ་དམིགས་བསལ་གྱི་འབྲེལ་བ་མ་གྲུབ་པའམ། གལ་ཏེ་གྲུབ་ཀྱང་འབྲེལ་བ་དེ་བདག་པོ་དང་རྫས་ཀྱི་འབྲེལ་བ་སོགས་འབྲེལ་གཞི་དང་འབྲེལ་ཆོས་སྐབས་ཐོབ་ཀྱི་འབྲེལ་བ་ཙམ་ཡིན་ན། དེར་འབྲེལ་སྒྲའི་ཕྲད་མི་དགོས་པར་བྱེད་སྒྲ་ཉིས་བརྩེགས་བྱེད་དགོས་པ་ཡིན་ཏེ། དཔེར་ན། བཀྲ་ཤིས་ཀྱིས་སྟ་རེས་ཤིག་བསད་ལྟ་བུ། འདི་ལ་བྱེད་སྒྲ་ཉིས་བརྩེགས་དགོས་དོན་ནི། སྐབས་ཀྱི་བྱེད་པ་པོ་བཀྲ་ཤིས་དང་བྱེད་པ་སྟ་རེ་གཉིས་ཀས་བྱ་བ་བྱས་པར་སྟོན་དགོས་པ་གང་ཞིག། དེ་གཉིས་གང་རུང་ཞིག་ལ་བྱེད་སྒྲ་མེད་ན། གང་ལ་བྱེད་སྒྲ་མེད་པ་དེས་བྱ་བ་བྱས་པར་སྟོན་མི་ནུས་པ་ཡིན་ཏེ། གལ་སྲིད་དཔེར་བརྗོད་འདི་ལ། བཀྲ་ཤིས་ཀྱི་སྟ་རེས་ཤིག་བསད་ཅེས་བྲིས་ན། ཤིག་གསོད་བྱེད་ཀྱི་སྟ་རེ་དེ་བཀྲ་ཤིས་ཀྱི་ཡིན་པ་ཙམ་སྟོན་ཞིང་། བཀྲ་ཤིས་ཀྱི་ཡིན་པའི་སྟ་རེ་དེས་ཤིག་བསད་པ་མ་གཏོགས་བཀྲ་ཤིས་ཁོ་རང་གིས་ཤིག་བསད་པར་སྟོན་མི་ཐུབ་པ་ཡིན། དེའི་རྒྱུ་མཚན་ནི་བཀྲ་ཤིས་ཀྱི་ཡིན་པའི་སྟ་རེ་དེས་བསད་ན་བཀྲ་ཤིས་ཀྱིས་བསད་པས་མ་ཁྱབ་སྟེ། མི་གཞན་ཞིག་གིས་བཀྲ་ཤིས་ཀྱི་སྟ་རེ་དེ་བེད་སྤྱད་དེ་ཤིག་གསོད་ཆོག་པའི་ཕྱིར། འོ་ན། གོང་གི་བཀྲ་ཤིས་ཀྱི་ལག་པས་ཤིག་བསད་ཅེས་པ་དེ་ཡང་འདི་དང་འདྲ་བ་མ་ཡིན་ནམ་ཟེར་ན། དེ་ནི་འདི་དང་མི་འདྲ་སྟེ། མི་གཞན་ཞིག་གིས་བཀྲ་ཤིས་ཀྱི་ལག་པ་བེད་སྤྱད་དེ་ཤིག་བསད་ཅེས་བཤད་ན། དེ་ནི་དགོད་གཏམ་ཙམ་ལས་དོན་མཐུན་གྱི་སྐད་ཆ་མ་ཡིན་པར་ཤེས་སླའོ།། ད་དུང་འདིར་རྣམ་གསལ་གྱི་དཔེར་བརྗོད་འགའ་ཞིག་འགོད་ན། སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀ་དངོས་སུ་གསལ་རུང་བྱེད་སྒྲ་ཉིས་བརྩེགས་མི་དགོས་པའི་རིགས་ནི།དཔེར་ན། གླང་ཆེན་གྱི་སྣ་ཞགས་ཀྱིས་ཤིང་སྡོང་སྒྱེལ། དཔོན་པོའི་ཁ་ཡིས་རི་མོ་འབྲི། བླ་མའི་ཕྱག་གིས་རྡོར་དྲིལ་འཛིན། ཉི་མའི་འོད་ཀྱིས་མུན་པ་བསལ།མཁས་པའི་ཤེས་རབ་ཀྱིས་གཞུང་གི་དཀའ་གནད་བཀྲལ་ལྟ་བུ།འདིའི་རིགས་ལ་འབྲེལ་སྒྲ་གཅིག་དང་བྱེད་སྒྲ་གཅིག་མ་གཏོགས་མེད་ཀྱང་སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀས་བྱ་བ་བྱས་པར་འཁྲུལ་མེད་དུ་སྟོན་ཐུབ་སྟེ། སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀྱི་བར་ལ་འབྲལ་དུ་མི་རུང་བའི་འབྲེལ་བ་གྲུབ་ཡོད་སྟབས། བྱེད་པ་དེས་བྱ་བ་བྱས་ན་བྱེད་པ་པོ་དེས་ཀྱང་བྱས་པས་ཁྱབ་པའི་ཕྱིར་དང་། འབྲེལ་སྒྲ་འདིས་ནི་སྐབས་ཀྱི་བྱེད་པོ་དང་བྱེད་པའི་བར་དུ་ནམ་ཡང་མི་འབྲལ་བའི་འབྲེལ་བ་ཡོད་པར་མཚོན་གྱིན་ཡོད། ཡང་། སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀ་དངོས་སུ་གསལ་ན་དེར་བྱེད་སྒྲ་ཉིས་བརྩེགས་དགོས་ངེས་ཀྱི་རིགས་ནི།དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་སྡོང་གཅོད། ཡིག་མཁན་གྱིས་སྙུ་གུས་ཡི་གེ་འབྲི། བླ་མས་སྒྲོལ་ཕུར་གྱིས་དགྲ་བགེགས་བསྒྲལ།གྲྭ་པས་རས་གཟན་གྱིས་རྟ་རྒོད་དཀྲོགས།མཁན་པོས་དབུ་ཞྭ་ཡིས་མང་ཚོགས་རྣམས་དབང་དུ་བསྡུས་ལྟ་བུ།འདིའི་རིགས་ལ་བྱེད་སྒྲ་ཉིས་བརྩེགས་དགོས་དོན་ནི། སྐབས་ཀྱི་བྱེད་པོ་དང་བྱེད་པ་གཉིས་ཀས་བྱ་བ་བྱས་པར་སྟོན་དགོས་པ་གང་ཞིག། གལ་ཏེ་བྱེད་སྒྲ་ཉིས་བརྩེགས་མེད་ན་དེ་གཉིས་ཀས་བྱ་བ་བྱས་པར་སྟོན་མི་ནུས་ཏེ། ཁོང་གཉིས་ཀྱི་བར་དུ་ནམ་ཡང་མི་འབྲལ་བའི་འབྲེལ་བ་གྲུབ་མེད་སྟབས། ཅིག་ཤོས་ཀྱིས་བྱ་བ་བྱས་ན་ཅིག་ཤོས་ཀྱིས་བྱས་པས་ཁྱབ་པ་མེད་ལ།འདིར་དེ་གཉིས་ཀས་བྱ་བ་བྱས་པར་སྟོན་དགོས་པའི་ཕྱིར་ན་འདིའི་རིགས་ལ་ནམ་ཡང་བྱེད་སྒྲ་ཉིས་བརྩེགས་བྱེད་དགོས་པ་དང་། འདིའི་སྐབས་བྱེད་པོ་དང་བྱེད་པའི་བར་ལ་འབྲལ་དུ་མི་རུང་བའི་འབྲེལ་བ་གྲུབ་མེད་ཕྱིར་འབྲེལ་སྒྲ་མེད་ཀྱང་སྐྱོན་མེད་པ་ཡིན་ནོ།།

     འོ་ན། ཁྱོད་ཀྱིས་བྱེད་པོ་དང་བྱེད་པ་གཉིས་ཀ་དངོས་སུ་ཡོད་ན་དེར་བྱེད་སྒྲ་ཉིས་བརྩེགས་བྱེད་དམ་མི་བྱེད་ཟེར་ན། ཁོ་བོས་ནི།དེ་ལ་དབྱུག་པས་ལེབ་རྡུང་བྱེད་རྒྱུ་མ་ཡིན་པར། སྒང་གཤོང་རི་མོ་སོ་སོར་འབྲི་དགོས་འདུག་བསམ་གྱིན་ཡོད། 

          འདི་ཡང་སྤྱི་ལོ། ༢༠༡༦.༡༢.༡༥ཉིན།

དཔྱད་མཆན་སྤེལ།

Close Menu