༄༅།།ཁྲི་རབས་གཉིས་པ་རྒྱལ་ཚབ་སྐྲུལ་པའི་སྐྱེས་མཆོག་སྤྲུལ་སྐུ་ཡལ་བ་རིན་ཆེན་མགོན་པོ་ནི།

ཡུལ་གཡང་ཤོད་བོང་ར་སྟེང་དང་ཉེ་བའི་རབ་སྒང་དུ་ཡབ་ནི་སྟག་ལུང་ཐང་དང་མ་མི་གཅིག་པའི་གཅུང་གྭ་ཟི་ཡོན་བདག་མགོན་མགོ་ཡག་དང་།  ཡུམ་ཇོ་གཟའ་བཀྲ་ཤིས་མཚོའི་སྲས་སུ་རབ་བྱུང་གསུམ་པ་ལྕགས་ཁྱི་༡༡༩༠ལོར་འཁྲུངས།  སྟག་ལུང་ཐང་པས་བུ་ཆུང་དེ་བཙུན་པ་གྱིས་ལ་མིང་རིན་ཆེན་མགོན་པོ་ཐོགས་གསུང་པའི་བཀའ་ཕྲིན་བརྩལ།  ཆུ་ཁྱི་༡༢༠༢ལོར་ཐང་སྐྱ་རྒོད་ཐར་གྱི་ལྷ་ཁང་དུ་མཁན་སློབ་བཅུ་ཚོགས་ཀྱི་དབུས་སུ་རབ་ཏུ་བྱུང་ནས་ལོ་དེ་ཉིད་དུ་དབུས་སུ་ཕེབས་ཏེ་སྟག་ལུང་གླིང་དུ་བཞུགས་པར་སྟག་ལུང་ཐང་པའི་གདམས་རྫོགས་པར་གནང་།  རབ་བྱུང་བཞི་པའི་ས་འབྲུག་༡༢༠༨ལོར་མཁན་པོ་དགེ་བཤེས་གཙང་པ་སོགས་ལས་བསྙེན་པར་རྫོགས། ཆོས་རྗེ་སྟག་ལུང་ཐང་པ་སྐུ་གཤེགས་ཁར་ཚོགས་ཆོས་གསུང་པའི་རྗེས་སུ་ཁྱེད་རྣམས་ཀྱིས་ང་ལ་མོས་གུས་བྱེད་པ་བཞིན་རིན་པོ་ཆེ་དབོན་ལ་གྱིས་གསུང་པ་དང་།

ཆོས་རྗེ་མྱ་ངན་འདས་རྗེས་གདུང་སྦྱང་ཡོང་རྫོང་ཕུལ་དུ་ཕྱིན་པ་མཛད།  ལྕགས་རྟ་༡༢༡༡ ལོར་དཔལ་སྟག་ལུང་གི་ཆོས་ཁྲིར་འཁོད་མཆོད་སྡོང་བཀྲ་ཤིས་དཔལ་འབར་དང་བཀྲ་ཤིས་འབྱུང་གནས་དང་། ཆོས་རྗེ་སྟག་ལུང་པའི་འདྲ་སྐུ་རྣམ་གསུམ་བཅས་བཞེངས།  ཤིང་སྤྲེལ་༡༢༢༤ལོར་གཙུག་ལག་ཁང་ཆེན་པོ་སྲིད་ཞིའི་དཔལ་འབར་རམ་མཆོད་ཁང་དམརཔོའི་དམར་འགྱེད་མ་ཀ་བ་བརྒྱད་ཅུ་གློ་འབུར་དང་བཅས་པའི་རྨང་གཏིང་བཟོ་བོ་རྣམ་ལ་གསེར་སྲང་ཁྲི་ཕྲག་གཉིས་ཀྱི་དངོས་པོ་ཡོན་ཕུལ།

སྐུ་འབུམ་བྱང་མ་གསར་བཞེངས་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པའི་ཚེམས་མཆེ་བ་གསུམ་པ་རིང་བསྲེལ་གྱི་ཕུང་པོ་ཅན་སྙིང་པོ་རུ་བཞུགས་སུ་གསོལ་བའོ་ཆོས་རྗེ་སྟག་ལུང་པའི་གདུང་རུས་གཙོས་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བསྐང་བའི་མཐོང་གྲོལ་ཆེན་མོ་བཞེངས།  གླིང་གི་འདུས་པ་རྒྱུན་བཞུགས་ལྔ་སྟོང་ཙམ་དང་།  སྒོ་འདམས་སྦྱར་བྱེད་མཁན་ལྔ་བརྒྱ་ཙམ་བྱུང་འབྱོར་བ་རྒྱས་ཞིང་སྦྲ་ཁག་ཆེན་པོ་བཅུ་དགུ་དང་།  སྟག་ལུལ་པའི་སྡེར་གཏོགས་པ་ལ་ཁྲི་སྐོར་ཁ་ཚང་པ་བྱུང་།   སློབ་མའི་གཙོ་བོ་གདན་ས་པ་སངས་རྒྱས་ཡར་བྱོན་དང་།  དཀོན་མཆོག་ཡན་ལག  གར་དབང་བཀྲ་ཤིས་གྲགས་པ།    གཞན་གསུང་སྐྱེས་ཀྱི་སློབ་ཚོགས་མང་དུ་བྱུང་།

རབ་བྱུང་བཞི་པའི་མེ་སྤྲེལ་༡༢༣༦ལོར་སངས་ཡར་བྱོན་ལ་དཔེ་མཛོད་ཀྱི་ལྡེའུ་མིག་གཏད་ནས་ཁྱེད་ཀྱིས་སྔོན་གྱི་གོང་མའི་རྣམ་ཐར་ཇི་ལྟ་བ་བཞིན་སྐྱོང་ཤིག་ཅེས་གདམས་ཆོས་ཆོས་རྗེ་སྟག་ལུང་པ་དང་མཇལ་ནས་དེ་ནུབ་བར་སྐ་རགས་གཤེག་མ་མྱོང་གསུང་སྟེ་སྐ་རགས་བཤེག་ཤིང་ཞི་བར་གཤེགས་སོ།།   །།

ཁྲི་རབས་གསུམ་པ་སངས་རྒྱས་ཡར་བྱོན་ཤེས་རབ་བླ་མ་ནི།

ཡུལ་གཡང་ཤོད་བོང་ར་སྟེང་ཀའི་གདོང་སྣར་གྭ་ཟི་མགོ་ཡག་གི་གཅུང་ཡབ་ཡོན་ཆེན་མགོན་རྒྱལ་དང་ཡུམ་ལྷ་མོ་གསལ་སྒྲོན་གཉིས་ཀྱིས་སྲས་སུ་རབ་བྱུང་གསུམ་པ་ཆུ་ཕག་༡༢༠༣ལོར་བལྟམས།   རབ་བྱུང་བཞི་པ་ས་སྟག་ལོ་༡༢༡༨ལོར་ཐང་སྐྱ་རྒོད་ཐར་གྱི་ལྷ་ཁང་དུ་མཁན་པོ་ག་སྟོན་བླ་མ་སོགས་ལ་རབ་ཏུ་བྱུང་ཞིང་མཚན་ཤེས་རབ་བླ་མ་གསོལ་གཞུལ་ལུགས་ཀྱི་གསན་པ་རྒྱ་ཆེར་མཛད།   ལྕགས་སྦྲུལ་༡༢༢༡ལོར་མགྲོན་ཚན་ཆེ་བ་དང་བཅས་དབུས་སུ་བྱོན་ལམ་བར་རག་ཤིས་བཀག་བཅོམ་བྱེད་དུ་བྱུང་ཡང་མ་ནུས་པར་ལྷ་སྲིན་རྣམས་ཀྱིས་ད་ལོ་སངས་རྒྱས་ཡར་ལ་བྱོན་ནོ་ཟེར་བས་མཚན་དེ་ལྟར་ཐོགས།    རྗེ་སྐུ་ཡལ་བ་དང་མཇལ།  ཆུ་རྟ་༡༢༢༢ལོར་མཁན་པོ་གཙང་པ་སོགས་ལས་བསཉེན་པར་རྫོགས།  ཐོས་བསམ་རྒྱ་ཆེར་མཛད།   མེ་སྤྲེལ་༡༢༣༦ལོར་སྟག་ལུང་གི་ཆོས་ཁྲིར་མངའ་གསོལ་རྣམ་ཐར་དང་བཅའ་ཁྲིམས་ཆེས་གཙང་ཞིང་ཆོས་རྗེའི་རྣམ་ཐར་བཅུ་གསུམ་དང་གླིང་གི་འདུལ་ཁྲིམས་བཅུ་གསུམ།   ཚོགས་ཀྱི་བཅའ་བ་བཅུ་གསུམ་བཅས་པས་དགོན་གནས་ཤིན་ཏུ་དར་རྒྱས་མཛད།   ཧོར་དུ་མུར་གྱི་དམག་ཡོངས་བར་ཐབས་མཁས་ཀྱིས་བཏུལ་ཞིང་མཆོད་ཡོན་དུ་གྱུར།   མཆོད་ཁང་དམར་པོའི་བར་ཁང་ཀ་བ་བརྒྱད་ཅུའི་ཁྱོན་དང་གློ་འབུར་དང་བཅས་པ་གསེར་ཏོག་གིས་སྤྲས།   ཐོད་ཤོད་ཏུ་སངས་རྒྱས་ཀྱི་ཞིང་བཀོད་ལྡེབ་རིས་སུ་རྣམས་གྲངས་བརྒྱད་ཅུ་གྱ་དྲུག་བྲིས།  རྗེ་སྐུ་ཡལ་བའི་གདུང་རྟེན་དུ་འབུམ་ཁང་གསེར་གྱི་རྒྱ་ཕིབས་དང་ལྡན་པའི་སྐུ་འབུམ་དབུས་མ་གསར་དུ་བཞེངས་པ་སོགས་རྟེན་བཞེངས་སྤངས་མཐོ།   མར་མེའི་མཆོད་པ་དང་དགེ་འདུན་གྱི་གཏོང་སྒོ་སོགས་བོད་ཡུལ་ན་འགྲན་ཟླ་མེད་པའི་སྙན་གྲགས་དང་ལྡན།   ཆོས་རྗེ་ས་སྐྱ་པཎྜི་ཏ་སྟག་ལུང་དུ་ཕེབས་པ་དང་མཇལ།  ཆོས་རྗེ་ས་པཎ་གྱིས་ཁ་ཆེ་པཎྜི་ཏ་ལ་འཕྲོས་མོལ་གནང་སྐབས་སྟག་ལུང་སངས་རྒྱས་ཡར་བྱོན་པའི་སྤྱན་སྔར་ཆོས་ཀྱི་གསུང་གླེང་མ་ཡིན་པའི་འཇིག་རྟེན་གྱི་གསུང་གླེང་ལར་ནས་མི་འོང་པར་གདའ།  དེ་ལྟ་བུའི་དགེ་བཤེས་གཞན་སུ་ལའང་མི་གདའ་ངོ་མཚར་ཆེ་ལགས་ཞུས་པས།  ཁ་ཆེ་པཎ་ཆེན་གྱིས་ཐ་མལ་པའི་གཏམ་ཆོས་དང་མི་མཐུན་པར་ཚིག་བཞི་འབྲེལ་གཅིག་ཁར་བཏོན་ན་དགེ་བའི་བཤེས་གཉེན་མཚན་ཉིད་པར་མི་འགྲོ་གསུངས།  ཆོས་རྗེ་ས་སྐྱ་པ་ཁུ་དབོན་རྣམ་གཉིས་ཧོར་ཡུལ་དུ་འབྱོན་པའི་ཞོལ་དུ་དེར་ཕེབས་པར་སངས་རྒྱས་ཡར་བྱོན་གྱིས་ཆོས་རྗེ་ས་པཎ་ལ་ཁྱེད་ཀྱི་དབོན་པོ་འདི་ལ་རྒྱ་བོད་ཧོར་གསུམ་རེ་དགོས་པ་ཞིག་འོང་བར་སྣང་བས་དེ་དུས་ངེད་སྟག་ལུང་པ་ལའང་གང་ཕན་གྱི་ཞལ་ཏ་མཛོད་ཅེས་གསོལ་བ།   ཕྱི་ཐོག་ཏུ་བབས་ཤིང་འཕགས་པ་རིན་པོ་ཆེའི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་སྐབས་གོང་ནས་ཡར་ཕེབས་པའི་དུས་སུ་ཕོད་མདོར་སྤྱན་འདྲེན་པར་བཏང་བར་བླ་མ་འཕགས་པས་ཁྱེད་ཀྱི་བླ་མ་སངས་རྒྱས་ཡར་བྱོན་པ་ཚོགས་སུ་བྱོན་ན་ང་འོང་།  མི་འབྱོན་ན་ནི་ངེད་ཀླུང་ཤོད་དུ་འགྲོ་བ་ཡིན་གསུང་།  སངས་རྒྱས་ཡར་བྱོན་ལ་ཚོགས་སུ་འབྱོན་ལ་ཚོགས་སུ་འབྱོན་དགོས་ཚུལ་ཞུས་པས་ང་མ་ཤི་བར་དུ་ཡང་དགོན་གྱི་ཐེམས་པ་མི་བརྒལ་བའི་བསམ་པ་ཡོད་ཀྱང་ད་བླ་མ་ཆེན་པོའི་གསུང་མི་གཅོག་གསུང་ཤིང་བླ་གཡེར་ཐང་དུ་བྱོན་ནས་བླ་ཆེན་འཕགས་པ་དང་ཕྱག་རྩེད་སྤྲོད་ཀྱིས་མཇལ།   བླ་མ་ཆེན་པོས་སངས་རྒྱས་ཡར་བྱོན་ཁུ་དབོན་གཉིས་སུས་ཀྱང་མི་འཇལ་བ་ལ་དེ་རིང་མཐོང་བ་ཁྱེད་རྣམས་ལ་ངའི་དྲིན་ཡིན་གསུང་ཞིང་འབུལ་བ་བཟང་པོ་མཛད།  ཆོས་ཀྱི་བགྲོ་གླེང་གནང་བས་བླ་མ་ཆེན་པོ་ཐུགས་ཤིན་ཏུ་མོས་པར་གྱུར།  ཀརྨ་པཀྴི་རྒྱལ་པོས་མེར་བསྲེགས་པ་ན་སངས་རྒྱས་ཡར་བྱོན་རྫུལ་འཕྲུལ་གྱིས་ཕེབས་ནས་གདམས་པ་བསྟན་པས་མེས་མ་གནོད་ཅེས་ཀྱང་གྲགས།   མཐར་སངས་རྒྱས་དབོན་ལ་ཁྱེར་བདེ་བའི་འབྲལ་བ་བསྲུང་བའི་རྟེན་རྣམས་དང་དབོན་བཀྲ་ཤིས་བླ་མར་གཙུག་ལག་ཁང་གི་ལྡེའུ་མིག་གནང་ཞིང་དབོན་དབོན་པོ་གཉིས་ལ་ཞལ་ཏ་མཛད།  རབ་བྱུང་ལྔ་པ་ཆུ་སྤྲེལ་༡༢༧༢ལོར་སྐུ་གཤེགས་ཐུགས་སྲས་ཀྱང་ཉིད་དང་མཉམ་པའི་དབོན་པོ་རྣམ་གཉིས་དང་།   སྒོམ་རོ་ཅིག་རྟོགས་པ་ལྔ་བརྒྱ།   རླུང་སེམས་ལས་སུ་རུང་བ་སྟོང་དང་ལྔ་བརྒྱ།  བདེ་དྲོད་ངོ་འཕྲོད་པ་ཉིས་སྟོང་བརྒྱད་བརྒྱ།  གདན་ས་འདུས་པ་སུམ་སྟོང་དྲུག་བརྒྱ་བཅས་བྱུང་ངོ་།།    །།   ཁྲི་རབས་བཞི་པ་རྗེ་བཙུན་སངས་རྒྱས་དབོན་ནི་སྟག་ལུང་མར་ཐང་དབྱི་ཤོད་རི་བོ་ཆེའི་ལོ་རྒྱུས་ནང་འཆད་པར་བྱའོ།།

ཁྲི་རབས་ལྔ་པ་རྗེ་མང་གུར་པའང་བཀྲ་ཤིས་བླ་མ་ནི།

གཡང་ཤོད་བོང་ར་སྟེང་དུ་ཡབ་སྐུ་ཡལ་བའི་གཅེན་པོ་གྭ་ཟི་ཆོས་ཡག་དང་ཡུམ་ཇོ་ཟི་བཟའ་གཟུངས་སྒྲོན་གྱི་སྲས་སྲས་སུ་ལྕགས་ཡོས་༡༢༣༡ལོར་འཁྲུངས།   མེ་རྟག་༡༢༤༦ལོར་ཐང་སྐྱ་དགོན་དུ་རབ་ཏུ་བྱུང་མདོ་སྔགས་ཀྱི་ཆོས་མང་པོ་གསན་ཅིང་དབུས་སུ་ཕེབས་ཏེ་རྗེ་སངས་རྒྱས་ཡར་བྱོན་དང་མཇལ་བཀའ་བརྒྱུད་ཀྱི་ཆོས་མཐའ་དག་གསན་པ་དང་གླིང་དུ་ལོ་བཅུ་དྲུག་རིང་འདག་སྦྱར་མཛད་ནས་བཞུགས།  རྗེ་སངས་རྒྱས་དབོན་ཁམས་སུ་ཕེབས་རྗེས་ཀྱི་རབ་བྱུང་ལྔ་པ་ཆུ་བྱ།  ༡༢༧༣ལོར་ཆོས་ཁྲིར་ཕེབས་ཏེ་གདན་ས་གོང་མའི་རྦན་ཐར་བཞིན་བསྐྱངས།  སེར་ཆེན་ཧན་གྱིས་སྐྱེས་སོགས་འབུལ་བས་གཟེངས་བསྟོད།  ཧོར་དོར་རྟ་ནག་པོའི་དམག་སྟག་ལུང་དུ་སླེབ་སྐབས་ཀྱང་ཐུགས་རྗེའི་མཐུས་ངས་ཚལ་རྩ་མེད་བཏང་བ་ལས་དགོན་སྡེར་གནོད་པ་སྤུ་ཙམ་མ་བྱུང་།   རྗེ་སངས་རྒྱས་ཡར་བྱོན་གྱི་གདུང་རྟེན་དུ་སྐུ་འབུམ་ལྷོ་མ་རྟེན་པར་བཅས་པ་དང་།   མཆོད་ཁང་དམར་པོ་ལྷ་ཆེན་སྟོང་གསུམ་ཟིལ་གནོན་སོགས་དང་།   གསེར་དངུལ་གྱི་བཀའ་བསྟན་བཞེངས་པ་སོགས་མཐའ་ཡས།    རབ་བྱུང་ལྔ་པ་མེ་བྱ་༡༢༩༧ལོར་སྐུ་གཤེགས་ཁྱད་འཕགས་ཀྱི་སློབ་མ་གཅུང་བྱ་བྲལ་བ་ཡེ་ཤེས་བླ་མ་ནི་ཁ་ཆེའི་ཡུལ་དང་།  ཛ་ལན་དྷ་ར་སོགས་སུ་ཀུན་སྤངས་ཀྱི་སྤྱོད་པ་ལ་གཤེགས་སོ།།   ཁྲི་རབས་ལྔ་པ་མཉམ་མེད་སངས་རྒྱས་དཔལ་བཟང་ནི།  ཡུལ་གཡང་ཤོད་དུ་ཡབ་གྭ་ཟི་ཞང་སྐྱབས་དང་།

ཡུམ་རྒྱ་གར་ལྕམ་གྱི་སྲས་སུ་སུ་མེ་སྦྲུལ་༡༢༥༧ལོར་འཁྲུངས་སྟག་ལུང་དུ་ཕེབས་ནས་བཀྲ་ཤིས་བླ་མའི་ཞབས་ལ་གཏུགས་བླ་ཆེན་འཕགས་པ་ས་སྐྱར་ཕེབས་པའི་ཕྱག་ཕྱིར་ཕེབས་ནས་རབ་ཏུ་བྱུང་།

བླ་ཆེན་འཕགས་པ་ལས་མདོ་སྔགས་ཀྱི་ཆོས་ནོད་དེ་ཆོས་གྲྭ་དེ་ཉིད་དུ་བསྙེན་པར་རྫོགས་།  མེ་བྱ་༡༢༦༧ལོར་སྟག་ལུང་གི་ཁྲིར་འཁོད་ནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་།  ཐུབ་ཆེན་བྱང་ཆུབ་ཆེན་པོ་སོགས་བཞེངས།    ས་བྱ་༡༣༠༩ལོར་རྒྱལ་ཚབ་རརྣ་གུ་རུ་ཁྲིར་བཏོན།  ལྕགས་ཁྱི།   ༡༣༡༠ལོར་སྐུ་གཤེགས་སོ།།          སྡེབ་གྲངས།   ༢༥

དཔྱད་མཆན་སྤེལ།

Close Menu