བརྗེད་དཀའ་བའི་ཉིན་མོ།

ཁམས་སྨྱོན་ཧེ་རུ་ཀ                  ཡུལ་ཤུལ།

        དུས་ཚོད་ཀྱི་ཆུ་མོ་མདུན་ནས་མདུན་དུ་བཞུར་ནས་ལོ་ཟླའི་རྟ་ཕོས་བདག་གི་དཔྲལ་བ་རུ་བྲིས་པའི་རི་མོ་དག་ཇེ་ཟབ་ནས་ཇེ་ཟབ་ཏུ་སོང་ན་ཡང་དྲན་ཤེས་ཀྱི་ཡོལ་བའི་ངོས་ནས་ནམ་བརྗེད་དཀའ་བའི་ཉིན་མོ་དེ་གཏན་ནས་བརྗེད་མི་སྲིད། ངའི་སྙིང་ཁོང་རུས་པའི་གཏིང་དང་། ཞེ་ཁོག་པའི་དབུས། སེམས་བསམ་པའི་དཀྱིལ་ནས་བརྗེད་དཀའ་བའི་ཉིན་མོ་དེ་གཏན་ནས་བརྗེད་མི་སྲིད།

          བརྗེད་དཀའ་བའི་ཉིན་མོ་ནི་ང་ཚོའི་བྲང་ཁོག་ཏུ་འཕྱོ་བའི་རིན་བྲལ་གྱི་ཐ་སྙད་གསོན་པོ་ཞིག་ཡིན་ལ། བརྗེད་པར་དཀའ་བའི་ལོ་རྒྱུས་ཀྱི་རླབས་ཕྲེང་རེ་རེ་ཡང་ཡིན། བརྗེད་དཀའ་བའི་ཉིན་མོ་ནི་ལོ་ཟླའི་འགྲུལ་བཞུད་ཀྱི་ཀློང་ནས་བསུབ་ཏུ་མེད་ལ། འགལ་འདུ་ཕྱོགས་ལྷུང་གི་ཟུར་ངོགས་སུ་ང་ཚོ་མི་དག་མ་ཞིག་རང་གཟུགས་འཆང་བའི་བློ་སྤོབས་དགོས་ན་བརྗེད་དཀའ་བའི་ཉིན་མོ་དེ་བས་ཀྱང་བརྗེད་མི་སྲིད།

       བརྗེད་དཀའ་བའི་ཉིན་མོ་ནི་ཨ་མ་རྒན་མོའི་དྲོ་སྐྱིད་ཀྱི་པང་ཁ་ནས་ལང་ཚོའི་མྱུ་གུ་བུས་ཤིང་། བྱམས་ལྡན་མ་ལོའི་བརྩེ་སེམས་དྲོད་མོས་ལུས་ཟུངས་ཀྱི་ཡལ་འདབ་གསོས་པའི་ལོ་ཟླ་དག་ཡིན། ངའི་དྲིན་པའི་མེ་ལོང་གི་ངོས་སུ་བརྗེད་དཀའ་བའི་ཉིན་མོ་དེ་བརྗེད་མི་སྲིད།

        སྐབས་རེར་ཁང་རྙིང་ཞིག་གི་ཕུགས་སུ་འཛུལ་ནས་ཧ་ཅང་ལྐོག་འགྱུར་ངང་འཆི་བདག་གི་མངའ་ལམ་ལ་ཞིབ་འདང་ཞིག་རྒྱག་རྒྱུ་ན།  མི་ཚེ་ནི་ཆུ་ཡི་ལྦུ་བ་བཞིན་སྐད་ཅིག་ཏུ་ངེས་ལ།  ཚེ་སྲོག་ནི་ངེས་མེད་དུ་རྒྱུ་བའི་བར་སྣང་གི་བྱ་སྤུ་ཙམ་རེད།  ནམ་ཞིག་སླེ་བོ་ཁྱེར་བའི་དུད་ཚང་གི་ཨ་ནེ་རྒན་མོ་དང་འདྲ་བར་ཚེ་སྲོག་གི་རིན་ཐང་དེ་སྤྲིན་བཞིན་ཡལ་སོང་ན། དུས་དེར་ང་ཚོས་བརྗེད་པར་དཀའ་བའི་ཉིན་མོ་ཞིག་གང་ནས་རྙེད་ལ་གང་ནས་འཚོལ་འོས།

          སྤྱིར་འཚོལ་ཐུབ་ན་འཇིག་རྟེན་ན་འཚོལ་རྒྱུ་མང་བོ་འདུག་ཀྱང་ཡིད་ཆེས་དང་ཞེ་སྡང་དང་འགྲན་རྩོད་དག་བརྒྱུད་ནས་འཚོལ་རྒྱུ་ན་ནམ་ཞིག་ང་ཚོ་ལ་བརྗེད་དཀའ་བའི་ཉིན་མོ་ཞིག་ཀྱང་ཡོད་མི་སྲིད་ལ། བརྗེད་པར་དཀའ་བའི་ཉིན་མོ་དེ་ཡང་གཏན་ནས་བརྗེད་པར་འདོད།

༢༠༡༧/༩/༢༠ཉིན་མཚན་མོར་གྲུབ།

དཔྱད་མཆན་སྤེལ།

Close Menu