མི་ཚེ།

རྣམ་གྲོལ་གླིང་། ཚུལ་ཁྲིམས་ཟླ་བ།

སེམས་སོང་དངོས་པོ་རེ་མཐོང་ན་འཛུམ་མདངས་ལྷུག་ལྷུག།
མི་མཐུན་སྡུག་བསྔལ་རེ་འཕྲད་ན་དབུགས་རིང་ནར་ནར།།
བདེ་འདོད་ཀུན་རྟོག་རེའི་སྣེ་ལ་སེམས་པ་འཐམ་སྟེ།།
མི་ཚེ་ཟིན་མེད་ཀྱི་ངང་ནས་རིམ་བཞིན་རྫོགས་འགྲོ།།

ལུས་པོ་རི་སྒང་ལ་ཐོན་ན་སྣང་བ་མཐོ་མཐོ།།
རྐང་ཆུང་རྡོ་བ་ལ་ཐུག་ན་ཁ་ཤ་འདར་འདར།།
སིམ་པ་ཨ་འཐས་རེས་བསྐུལ་བའི་བསླུ་བྲིད་འོག་ཏུ།།
མི་ཚེ་དལ་མེད་ཀྱི་ངང་ནས་ལ་མོ་རྒྱག་འགྲོ།།

ཚོར་བ་ཚེར་མ་དང་འདྲ་སྟེ་རྩེ་མོ་ཟིང་ཟིང་།།
བདེ་བ་རྨི་ལམ་དང་འདྲ་སྟེ་མྱོང་བ་ཐན་ཐུན།།
རྟག་བརྟན་གཡུང་དྲུང་གིས་སྟོང་པ་གྱ་གྱུའི་ངང་དུ།།
མི་ཚེ་མཚོ་སྟེང་གི་རླབས་རིས་མཐའ་རུ་ཡལ་འགྲོ།།

ལང་ཚོའི་མེ་ཏོག་རེ་བཞད་དུས་སྤྲོ་བ་སིང་སིང་།།
རྒས་གཉེར་ཡ་ཐོད་ལ་འཁྲིགས་དུས་སྐྱོ་བ་དུང་དུང་།།
དགའ་སྐྱོ་དྲོ་གྲང་གི་གནམ་ངོ་རེས་མོས་ངང་ནས།།
མི་ཚེ་སྤྲིན་གསེབ་ཀྱི་ཉི་མ་ནུབ་ལ་བུད་འགྲོ།།

སྙན་པའི་གཞས་ཆུང་རེ་ཐོས་ཚེ་རྡོག་བྲོ་ཁྲིག་ཁྲིག།
རྩུབ་མོའི་ངན་བཤད་རེ་གོ་ན་མིག་ལོག་ཧྲིག་ཧྲིག།
འཁོས་ཆུང་སེམས་པ་འདིའི་གྲོད་ཁོག་གང་དུས་མེད་བཞིན།།
མི་ཚེ་འཚོལ་སྒྲུབ་ཀྱི་ངང་ནས་སྟོང་པར་ཆས་འགྲོ།།

སེམས་ལ་ཁ་བ་རེ་བབ་ན་མིག་ཆུ་ཐར་ཐར།།
བདེ་དགའི་མེ་ཏོག་རེ་བཞད་ན་འཕུར་ལྡིང་ལྷབ་ལྷབ།།
ནམ་ཟླའི་འགྱུར་ལྡོག་གི་གསེབ་ན་ཁ་སྟབས་ཞན་པའི།།
མི་ཚེ་དབྱར་གསུམ་གྱི་སྦྲང་མ་སེར་བས་གཞོམ་འགྲོ།།

འདས་སོང་དྲན་ངོས་ཀྱི་སྣང་བརྙན་རྒྱང་དུ་ཕར་ཕར།།
རྗེས་ཡོང་ངེས་མེད་ཀྱི་བྱ་གཞག་མདུན་དུ་ཚུར་ཚུར།།
ད་ལྟ་བདེ་སྡུག་གི་མྱོང་བ་སྐད་ཅིག་སྐད་ཅིག།
མི་ཚེ་ཐོགས་མེད་ཀྱི་རླུང་བུ་དགུང་ལ་སྤུར་འགྲོ།།

༡༠/༠༩/༢༠༡༧

དཔྱད་མཆན་སྤེལ།

Close Menu