༈ མེ་ཏོག་གི་མྱོང་སྣང་བརྒྱ་རྩ་བརྒྱད།(སྨད་ཆ)

༈ མེ་ཏོག་གི་མྱོང་སྣང་བརྒྱ་རྩ་བརྒྱད།(སྨད་ཆ)

༈མེ་ཏོག་གི་མྱོང་སྣང་བརྒྱ་རྩ་བརྒྱད།(སྨད་ཆ)

༈མེ་ཏོག་གི་མྱོང་སྣང་བརྒྱ་རྩ་བརྒྱད།(སྨད་ཆ)

       གྲོག་མས་བརྩམས།

{སྙན་ངག་འདི་ནི་ས་སྟེང་གི་དབུལ་ཕོངས་དང་།ཁེར་རྐྱང་དང་།ཡུལ་གྱར་བ་རྣམས་ལ་ཆེད་དུ་ཕུལ་བ་ཡིན}

༥༡

ང་ནི་ཁྱེད་ཉིད་ལ་དགའ་ཡང

ཁྱེད་ནི་གཞོན་ནུ་མས་བཏང་བའི་ཤོག་བྱ་ལ་དགའ

ཤོག་བྱ་ནི་སྐུད་པ་རིང་པོ་དང་མེ་ཏོག་སྣ་མང་ལ་དགའ་སོང

༥༢

ཐག་པ་སྦོམ་པོ་ཨུ་ཚུགས་ཀྱིས་གཡས་སུ་སྒྲིམ་མཁན་དེ་སུ་ཡིན

སྐུད་པ་ཕྲ་མོ་སྒྱིད་ལུག་གིས་གཡོན་དུ་བཤིག་མཁན་དེ་སུ་ཡིན

མེ་ཏོག་ལྟ་བུའི་འཛུམ་ཞལ་གཙང་མ་སྟོན་བཞིན

གྲིམ་ལྷོད་རན་པར་སྡོད་མཁན་དེ་སུ་ཡིན

༥༣

མེ་ཏོག་གིས་དབེན་པའི་རི་ཁྲོད་ནས་ཆུ་ཡི་ཟིལ་པ་འཐུང་བཞིན

ཁུ་སིམ་གྱི་མཚན་མོར་རང་སེམས་བྲན་དུ་བཀོལ

འུར་ཟིང་གི་ཉིན་མོར་རྣམ་ཤེས་རྒྱ་ཡན་དུ་གཏོང

༥༤

བྱིའུ་ཆུང་འཇོལ་མོས་སྨུག་པ་ལངས་བྱུང་ཟེར་ནས་སྐད་ཅོར་བརྒྱབ

རྒྱ་མེན་དམར་པོས་ཕྱི་རྟིང་མཐོན་པོར་བཀྱགས་ཏེ་ལྟ་དུས

འཁོར་བའི་ནགས་ཚལ་ཆེན་མོར་མེ་ཤོར་འདུག་པ་དང

འཚོ་གནས་ཀྱི་ཚི་དྲེག་ལས་དུ་བ་འཕྱུར་བཞིན་འདུག

༥༥

ང་ཡི་ཨུག་ཆོས་དམར་པོ་ཡ

ཁྱེད་རང་བཞད་མོ་ཡང་ཡང་བཞད་ཅིང

སྤྱན་ཆབ་ཡང་ཡང་བསིལ་དོན་ཅི་ཞིག་ཡིན་ནམ

ཡོད་ཚད་གོ་བ་ལོག་སྒྲུབ་ཏུ་སོང་བའི་སྐྱེ་བ་སྔོན་མ་དེ་དང

ཞུས་དག་གཏོང་ཐབས་མེད་པའི་སྐྱེ་བ་རྗེས་མ་དེ་དྲན་བྱུང་ངམ

༥༦

ང་རང་ཁྲག་གིས་འགྲངས་ཏེ་རི་མགོར་སོང་བ་ན

ཏག་ཏག་མེ་ཏོག་བརྒྱ་དང་རྩ་བརྒྱད་མཐོང

ང་རང་འོ་མས་བརྒྱགས་ཏེ་ཐང་ལ་བབས་པ་ན

ཏག་ཏག་མེ་ཏོག་བརྒྱ་དང་རྩ་བརྒྱད་མཐོང

༥༧

འབུ་གྲོག་མས་མེ་ཏོག་གི་ངོ་གདོང་ལ་ཐད་ཀར་ལྟ་མི་ཕོད

དེ་ནི་མེ་ཏོག་གི་བསམ་བློ་བདེ་ཐང་དང་ལྡན་པས་ཡིན་ནམ

དེ་ནི་མེ་ཏོག་གི་མིག་འོད་རྣོ་ངར་ཆེ་བས་ཡིན་ནམ

༥༨

ང་རང་སྒོར་མོ་ཁྱེར་ཏེ་མེ་ཏོག་ལུང་པར་འགྲོ་དགོས

དཀར་དམར་གྱི་མེ་ཏོག་དག་རང་ཁྱིམ་དུ་གླ་ཡོང་དགོས

ངས་རང་གི་དབང་ཆས་མེ་ཏོག་རྣམས་གཡོག་དུ་བཀོལ་རྒྱུ་དེ་མིན

ང་ལ་དད་གུས་ཚད་མེད་ཞུ་ཤེས་པའི་འདྲ་སྐུ་ཞིག་བླུགས་དགོས་ཡོད

༥༩

མེ་ཏོག་གིས་སྤང་ཐང་ལ་ཕར་མཛེས་ཆོས་ཁྲ་ལམ་ལམ་ཞིག་སྤྲོ་ན་འདོད་མོད

མཛེས་ཆོས་ཀྱི་ཕྱྭ་གཡང་ཡོད་ཚད་མེ་ཏོག་གི་སྟེང་དུ་ཚུར་འོད་མེར་མེར་སྤུངས་བྱུང

༦༠

སྐུ་ལུས་ཀྱི་བཀོད་པ་སྟོང་དང་ལྡན་པའི་སྤང་ཐང་གི་སྒྲོན་མེ་ཟིལ་པ་ཅན

རྩྭ་ལྗང་གི་ཁྲི་ལ་བཞུཊ་པའི་དཔྱིད་དུས་ཀྱི་སྤྲུལ་སྐུ་ཉི་མ་བསྟན་འཛིན

ཡིག་འབྲུ་གཅིག་ཀྱང་ཀློག་མི་དགོས་པའི་སྨུག་པའི་ནང་གི་སློབ་གྲྭ་ཆུང་ཆུང

ངོ་བསྟོད་ལ་ཉན་མི་ཤེས་ཤིང་བག་ཡངས་ཀྱིས་ངུ་ཤེས་པའི་བུ་མོ་སྒྲོལ་མ

༦༡

ཁྱེད་ནི་བར་སྣང་གི་མེ་ཏོག་ཕོ་བྲང་དེ་ཡིན་པས

ངས་རྣོ་ལྕགས་ཀྱི་སྐས་རིང་ཞིག་འཛུགས་ག་ལ་ཕོད

ཁྱེད་ནི་ལྗང་མྱུག་གསར་པའི་སྟེང་གི་ཆུ་ཐིགས་དེ་ཡིན་པས

ངས་ཞོགས་པ་རེ་རེ་བཞིན་དུ་འབྲུག་སྒྲ་ལྷང་ལྷང་སྒྲོག་དགོས

༦༢

ཀྱེ་མེ་ཏོག་ལགས

དབུ་ལྕོག་ལྡེམ་ལྡེམ་མ་གནང་རོགས

སྤྱན་ཆབ་ཉིལ་ཉིལ་ཡང་མ་གནང་རོགས

ཁྱེད་ཀྱི་སེམས་ནང་གི་སྡུག་ཡུས་དེ་ང་ལ་མི་གསུང་རོགས་གནང

ཁྱེད་ཉིད་ངག་སྒོ་བསྡམས་ཏེ་ཁ་རོག་གེར་ཤམྦྷ་ལ་རུ་ཕྱིར་ཕེབས་རོགས

༦༣

བྱིའུས་མངོན་ཤེས་བཤད་དུས་སུ

མེ་ཏོག་རྣམས་ཀྱི་ཁོང་འཛུམ་གྲོལ

༦༤

ཆར་ཆུ་ནི་ཇ་ལོ་བཞིན་དུ་མར་མར་ཤེལ་ཕོར་གྱི་ཞབས་སུ་ནུབ

སྨུག་སྤྲིན་ནི་དབུགས་ལྒང་བཞིན་དུ་ཡར་ཡར་ཇ་ཕོར་གྱི་སྟེང་དུ་གཡེང

མེ་ཏོག་ཅིག་གིས་ཁྱེའུས་ནུ་ཞོ་རོལ་བ་བཞིན་དུ་ཤེལ་ཕོར་གྱི་ཕྱི་རོལ་ནས་བསམ་བློ་འཐུང

༦༥

ལྷ་མོ་རྐང་རྗེན་མ་ཡ

ཁྱེད་ཀྱིས་ཞབས་བྲོ་ལྡིང་དུས་ང་ལ་སྣང་ཆུང་མ་གནང་དང

སྙིང་ལ་རུས་པ་ཅན་གྱི་ང་རང་ཆུ་རུ་གྱུར་སོང

ཐང་ཆད་པའི་ཉི་དགའ་མེ་ཏོག་ཆུ་རུ་གྱུར་སོང

ཨ་མ་དང་མེ་ལོང་ཡང་ཆུ་རུ་གྱུར་སོང་ཨང

༦༦

བལྟས་པས་མི་ངོམས་པའི་ལྷ་མོ

མེ་ཏོག་ལྟ་བུའི་བརླན་ཤ་ཅན་གྱི་ལྷ་མོ

ཞལ་རས་འཛུམ་ཙམ་མཛད་པའི་ལྷ་མོ

ཕྱག་ན་མིག་ཆུ་ཕོར་པ་གང་བཟུང་བའི་ལྷ་མོ

ལྷ་མོ་ཁྱེད་ངེད་ཚང་ལ་མ་བོས་མགྲོན་དུ་ཕེབས་བྱུང

༦༧

ང་ལ་བློ་ཐབས་བརྒྱ་དང་བརྒྱད་ཡོད་པས

ཉིན་གུང་ཕྱེ་མ་ལེབ་ཁྲ་བོར་གྱུར་ཏེ་མེ་ཏོག་གི་གྲལ་དུ་བསྲེས

མཚན་མོར་འབུ་མེ་ལྕེབ་སྐྱ་བོར་བརྫུས་ཏེ་མར་མེའི་ནང་དུ་བསྲེས

ངས་རང་ཉིད་ཀྱི་ཞན་ཆ་དང་ངོ་ཚ་དེ་ལྟར་སྦས་ཐུབ་སོང་སྙམ

༦༨

སྨུག་པ་དང་མེ་ཏོག་མ་སྨད་གཉིས་ཕན་ཚུན་བསྟུན་ཅི་ཐུབ་བྱས

སྤྲིན་དང་ཁ་བ་གཉིས་ཀྱི་བརྩེ་དུང་དེ

མི་མངོན་པའི་དབྱིགས་ཤིག་ན་སྣང་མེད་དུ་ལུས

༦༩

ཁ་བའི་ནང་དུ་ཁུ་སིམ་མེར་བཞད་པའི་ལྕང་མའི་ལུ་གུ

ཁྱོད་རང་དུས་ནམ་ཡང་མེ་ཏོག་གི་གྲལ་དུ་འཚང་ཁ་མ་བྱེད

རང་ཉིད་ཁོ་ནར་གཏོགས་པའི་གླུ་གཞས་དེ་སིང་སིང་ལོངས

དེ་ནས་རྣམ་པར་དག་པའི་བྱིའུ་དཀར་པོ་ཞིག་དང་འདྲ་བར

གཤོག་སྒྲོ་བརྐྱངས་ཏེ་རྒྱང་རིང་དུ་འཕུར་ཅིག

༧༠

ཁྭ་ཏ་སྨྱོས་ཏེ་རང་ཉིད་ནི་ཕྱེ་མ་ལེབ་ཅིག་ཡིན་པར་སྙམ

ཁྭ་ཏ་སྨྱོས་ཏེ་མེ་ཏོག་གི་ལྡུམ་རའི་ནང་དུ་བབས

ཁྭ་ཏ་སྨྱོས་ཏེ་སྦྲང་རྩི་མངར་མོ་འཐུང

ཁྭ་ཏ་སྨྱོས་ཏེ་གླུ་གཞས་བཏང

༧༡

ངས་ལུ་གུ་མེ་ཏོག་འདི་དག་རི་དྭགས་བཞིན་དུ

ཆེས་བག་ཡངས་ཀྱི་ངང་ནས་འཚོས་ན་བསམ་བྱུང

ཤིང་སྡོང་རྒས་ཚུལ་དང་ཁ་བ་འབབ་ལུགས་སོགས

རི་དྭགས་ཀྱི་རྫི་བོ་ཞིག་གིས་མི་ཤེས་ཀྱང

དེ་ལ་ཞེ་འགྱོད་མི་དགོས་བསམ་བྱུང

༧༢

ང་རང་སློབ་གྲྭར་འགྲོ་དགོས

ཁུར་མང་མེ་ཏོག་རླུང་གིས་གཏོར་ཚུལ་དང

ཁམ་བུ་མེ་ཏོག་ས་རུ་ཟགས་ཚུལ་ཁོ་ན་སློབ་དགོས

དེ་དག་སྙན་ཚིག་གི་བུ་རམ་མངར་མོའི་སྟེང་དུ་སྦྱར་ཏེ

ནགས་ཁྲོད་ཀྱི་ཤེའུ་ཁེར་རྐྱང་དེ་ལ་འཕྲིན་དུ་སྐུར་དགོས

༧༣

ང་ཡི་སྤང་རྒྱན་མེ་ཏོག་ཡ

ཁྱེད་ཉིད་བར་སྣང་དུ་ལྡིང་བར་མི་སྤྲོ་བ་བདེན་ན་ཡང

རྐང་པས་འཇིག་རྟེན་ལ་དམ་པོར་འཐམ་དགོས་དོན་ཅི་ཡང་མེད

འཇིག་རྟེན་འདིའི་ཕྱི་ངོས་ནི་སྦྲང་རྩི་ལྟ་བུའི་འབྱར་བག་ཅན་ཞིག་ཡིན

༧༤

ཁྱེད་ཀྱིས་མེ་ལོང་དང་མེ་ཏོག་གཉིས་འདེམ་ཚོད་མ་ཟིན་ན་ང་ལ་དྲིས་དང་ཆོག

མེ་ཏོག་ནི་དབྱིབས་དང་ཁ་དོག་གསར་བཟོ་བྱེད་ཤེས་པའི་མགར་བ་ཞིག

མེ་ལོང་ནི་རི་མོ་དེ་དག་ཇི་མ་ཇི་བཞིན་བཤུ་འབྲི་བྱེད་ཤེས་པའི་ལྷ་བཟོ་ཞིག

༧༥

ཕྱེ་མ་ལེབ་ཀྱིས་དག་ཞིང་གི་ཆ་འཕྲིན་མི་ཡུལ་དུ་བསྐྱལ

མི་རྣམས་འདོད་པས་དྲག་ཏུ་སྨྱོས་ཏེ་ཁྲག་དང་ཁུ་བ་ཚད་མེད་ཤོར

ལྷ་ཡི་གཤིས་ཀ་དང་ལྡན་པའི་མེ་ཏོག་དག་ངོ་ཚས་མ་བཟོད་པར

ལོང་བ་དང་ལྐུགས་པ་ཁྱུ་གཅིག་ཏུ་གྱུར

༧༦

ཀྱེ་མ་སངས་རྒྱས་ལགས

སྙན་ངག་གིས་བརྩེ་བའི་གད་མོ་བགད་དེ་མི་སེམས་ལ་ཁ་ལོ་བསྒྱུར་སོང

མེ་ཏོག་གིས་དུངས་པའི་བཞད་མོ་བཞད་དེ་སྤང་ལྗོངས་ལ་ཁ་ལོ་བསྒྱུར་སོང

ཁྱེད་ཀྱིས་བཏང་བའི་འཕྲིན་ཡིག་དེ་ད་དུང་འབྱོར་མ་བྱུང་ལགས

༧༧

མེ་ཏོག་རེ་རེ་བཞིན་ལང་ཚོ་ཡི་མེ་འབར་བའི་ཡུག་ས་མར་གྱུར

མཁས་མཛངས་ལྡན་པའི་ཁུ་བྱུག་མོན་ཡུལ་དུ་གཤེགས

ཁྱེད་ཅག་ཚང་མ་འགག་འཕྲང་ལས་ཐར་སོང

བཙོན་ར་ལས་གྲོལ་སོང

༧༨

ཁྱེད་རང་བོང་བུ་ལ་དགའ་དུས

མེ་ཏོག་གི་སྐྱེད་ཚལ་འབྲི་ཤེས་པའི་རི་མོ་པ་ཞིག་ཡིན

ཁྱེད་རང་རྟ་མཆོག་ལ་དགའ་དུས

མྱ་ངམ་གྱི་ཐང་སྟོང་ན་ལུས་པའི་གླུ་པ་ཞིག་ཡིན

༧༩

སྤྱང་ཀི་སྨྱོས་ཏེ་ཀུ་ཅོས་རིང་ལུང་བསྐངས་ན་ཡང

རྒྱ་མེན་དམར་པོས་ཀུ་ཅོ་སྒྲོག་ཚུལ་མ་ཤེས་ཐལ

སྤྱང་ཀི་ལྟོགས་ཏེ་ལུག་ཁྲག་དྲོན་མོ་བཞིབས་ན་ཡང

གུར་ཀུམ་སེར་པོར་ཁྲག་གི་བྲོ་བ་མ་ལོབས་ཐལ

༨༠

མེ་ཏོག་མང་ཆེ་བས་འཇིག་རྟེན་ནས་ཆུ་གཙང་མ་ཞིག་བླངས་ཏེ་ལོག་སོང

མེ་ཏོག་ཁ་ཤས་ཤིག་ནི་མི་ཡུལ་གྱི་གྲང་ངར་ལ་འཕྲད་དེ་ལོག་སོང

མེ་ཏོག་པདྨ་གཅིག་པུ་སངས་རྒྱས་ཀྱི་ཞལ་མཇལ་དུ་ཡོང་བས

ཕྱིར་ལོག་བྱེད་མི་སྲིད

༨༡

ལྭ་བ་རྙིང་ཧྲུལ་གྱོན་པའི་བུ་མོ་ཁྱོད་ཉི་འོད་དང་ལྷན་དུ་ཡལ

ཉི་མའི་གདོང་ལ་དམར་མདངས་ཤིག་རྒྱས་ཏེ་ང་ལ་ཕྱིར་མིག་གིས་བལྟས

ངའི་ལག་པ་གཡས་སུ་རྒྱ་སེ་མེ་ཏོག་ཅིག་བསྐུངས་ཡོད་ཅིང

ལག་པ་གཡོན་པས་ཁྱོད་ལ་གྱེས་བརྡ་ཕུལ་ཡོད

༨༢

ང་ནི་མེ་ལྕེ་དང་ཉེ་བར་གཅར་མི་ཐུབ་པའི་མི་དེ་ཡིན

དེ་ལ་ཡུམ་ཆེན་ཁྱེད་ཀྱིས་དགོངས་ཡངས་གནང་དགོས

ཞི་བསིལ་གྱི་ཤང་དྲིལ་སེར་པོས་ང་རང་བསླུ་བྲིད་ཐེབས་སོང

མ་ཡུམ་ཁྱེད་ཀྱིས་ཁོ་བོར་བཀའ་བཀྱོན་ཚ་ཐག་པ་གནང་རོགས

༨༣

དཔྱིད་ཆར་པ་བབས་དུས་བྱིའུས་མཛའ་གཞས་གཏོང

སྟོན་འབྲས་བུ་སྨིན་དུས་མེ་ཏོག་གིས་བརྩེ་འཕྲིན་འབྲི

༨༤

ཁོས་མི་ཡུལ་ལ་ཐེ་གཏོགས་ཅི་ཡང་མ་བྱས

ཁོ་ལ་ལྟ་དགོངས་ཀྱི་ཚད་བཀག་མ་ཐེབས

ཁོས་ཅི་ཞིག་མཚོན་འདོད་ཀྱི་ཨུ་ཚུགས་མི་གནང

ཁོ་ནི་དེ་ལྟར་རྩེ་མོ་མི་མངོན་པའི་སྒྱུ་རྩལ་གྱི་པོ་ཏ་ལ་ཞིག་ཏུ་གྱུར

༨༥

ཁྱོད་ཀྱིས་མེ་ཏོག་ལྷ་མོའི་མིང་ནས་བཟུང་སྟེ་ངན་སྨྲས་ལན་གསུམ་བྱས་པ་ན

མེ་ཏོག་ལྷ་མོས་གུས་པའི་ཞེ་ས་དང་བཅས

ཁྱོད་ལ་མཛེས་བཟོ་བརྒྱ་དང་བརྒྱད་བྱས་སོང

༨༦

མོའི་ངོ་གདོང་ལས་ཁྲག་གི་ཐིགས་པ་གཉིས་ས་རུ་ཟགས

ས་ཆ་དེ་ནས་འཇམ་མཉེན་གྱི་མེ་ཏོག་དམར་པོ་གཉིས་འཛུམ་པར་གྱུར་མོད

ལྟོགས་སྐོམ་གྱིས་མནར་བའི་མི་སེམས་ནི་སྔར་བཞིན་བྱེ་ཐང་དུ་ལུས

སྣ་གླུ་ཟ་ཟི་རེ་ལེན་བཞིན་མུ་མེད་པའི་བྱེ་ཐང་དུ་ལུས

༨༧

འཕྱོར་ཉམས་ལྡན་པའི་མེ་ཏོག་གི་གདོང་པ་མངོན་སུམ་དུ་མཐོང་དུས

བྱིའུས་སྦྲང་རྩི་ལེན་མི་ཕོད་པར

སྙིང་ཆུང་དྲག་ཏུ་ལྡིང་བཞིན་བར་སྣང་སྟོང་པ་རུ་འཕུར

བར་སྣང་སྟོང་པ་རུ་རྗེས་དྲན་གྱི་མཆན་བུ་མང་པོ་བཏབ

༨༨

བྱིའུས་མེ་ཏོག་ལ་བཤད་རྒྱུར

ཁྱེད་ནི་བྱིས་པའི་སེམས་ཁམས་གཡར་ཏེ

འདབ་ཆགས་ཀྱི་གླུ་དབྱངས་ཉན་རྒྱུར་དགའ་བའི་སྙན་ངག་པ་ཞིག་རེད

མེ་ཏོག་གིས་དེའི་ལན་དུ

ང་ནི་སྙན་ངག་པའི་སེམས་ཁམས་གཡར་ཏེ

འདབ་ཆགས་ཀྱི་གླུ་དབྱངས་ལ་ཉན་རྒྱུར་དགའ་བའི་བྱིས་པ་ཞིག་ཡིན

༨༩

ཁྱོད་ཀྱི་འཇོན་ཐང་ནི་ངོ་སྙི་བའི་ཁམ་བུ་མེ་ཏོག་ཅིག་རེད

ཁྱོད་ཀྱི་སེམས་པ་ནི་འཆི་སླ་བའི་ཕྱེ་ལེབ་ཆུང་ཆུང་ཞིག་རེད

འབུ་གྲོག་མའི་གོམ་ཞེང་གིས་ཁྱེད་ལ་གྱེས་ཕྱག་འབུལ་ལོ

༩༠

བསམ་པའི་གཞིས་ཁྱིམ་བོར་བའི་སྙན་ངག་པ་ལགས

ཁྱོད་ཀྱིས་མེ་ཏོག་ལྡུམ་ར་རུ་གཟིགས་དང

ལྡུམ་རའི་ནང་གི་གུར་ཀུམ་དམར་པོ་དེས

སྒེའུ་ཁུང་བརྒྱུད་དེ་མི་ཁྱིམ་ལ་ཡར་བལྟས་པས

སེམས་ཀྱི་རྟེན་ས་ཞིག་རྙེད་དེ་གཉིད་དུ་ཡུར་སོང

༩༡

མེ་ཏོག་འདི་དག་རེ་རེ་བཞིན་ལྷ་དང་ལྷ་མོ་ཡིན་པས

ཁོང་ཚོའི་ཕག་ན་མི་རོ་དང་རྟ་རོ་ཡོད་མི་སྲིད

ཁོང་ཚོའི་གྲིབ་མའི་ནང་དུ་སྦྲུལ་དང་སྦལ་པ་ཡང་ཡོད་མི་སྲིད

ང་ཚོས་དེ་ལྟར་ཡིད་ཆེས་བྱེད་གཏོང

༩༢

ང་ནི་རྨི་ལམ་འཁྲུག་བྱེད་ཀྱི་ཁྭ་ཏ་ནག་ཆུང

ལུས་ལ་ཚེར་མ་རྣོན་པོ་ཟུག་པའི་བྱིའུ་གཡུང་པོ

ཁྱོད་ནི་ཁ་དོག་ཡལ་ཟིན་པའི་པདྨ་སྐྱ་བོ

གངས་རི་དང་གངས་རི་ལས་བྱུང་བའི་སྐྱོ་གདུང་ནག་པོ

༩༣

མཛེས་མ་ཁྱོད་ཀྱིས་མེ་ཏོག་ལྟ་བུའི་ན་བཟའ་བཞེས

དྲན་པའི་གཏིང་རུམ་སྒུལ་བའི་རོལ་མོ་ཁྲོལ

ང་ནི་རླུང་གིས་སྐྱོམ་པའི་སྤྲིན་པ་བཞིན

གཏན་དུ་ཕྱིར་ལྡོག་མེད་པའི་གནས་སུ་འགྲོ

༩༤

ཁྱེད་དང་སེར་ཆེན་མེ་ཏོག་གཉིས

ལམ་སྣེ་ཞིག་ནས་འཛོམས་ན་ཡང

ལམ་མདོ་ཞིག་ནས་ཁ་གྱེས་ཏེ

འབྲལ་གདུང་མྱོང་དགོས་བྱུང་སོང་ཨང

༩༥

ང་ཡི་རི་མོ

ཁྱོད་ཀྱི་རི་མོ

རི་མོའི་རི་མོ་དང་རི་མོ

རི་མོའི་རི་མོ་དང་རི་མོའི་རི་མོ

༩༦

སྒྲོན་མེས་ཟླ་འོད་ལ་འགྲན་སློང་བྱེད་ཅིང

སྲིན་འབུ་མེ་ཁྱེར་གྱིས་སྐར་ཚོགས་ལ་འཇིགས་སྐུལ་གནང

ཁ་བའི་མེ་ཏོག་གིས་ཁུ་སིམ་མེར་ས་གཞི་ཆེན་མོར་ལྭ་རིང་བཟོ

༩༧

ཇོ་མོ་གླང་མ་ཇེ་མཐོ་རུ་བུད་སོང

ཡར་ཀླུང་གཙང་པོ་ཇེ་རིང་དུ་གྱུར་སོང

འོན་ཀྱང་གོ་རིམ་དེའི་ཁྲོད་ནས་ང་ཡི་དར་རྒུད་མ་གླེང་རོགས

སྤུན་ཟླ་ང་ཡི་ལས་དབང་ནི་རྩྭ་ལྗང་གི་ཟིལ་པ་ཡིན

མེ་ཏོག་གི་འདབ་མ་ཡིན

༩༨

ང་ཡི་སྨྱུག་གི་གླིང་བུ་སེར་པོ་དེ

རེས་འགའ་པིར་གྱི་ཡུ་བ་བྱས་ཤིང་མེ་ཏོག་བྲིས

སྐབས་རེ་ཕྱག་མའི་ཡུ་བར་གྱུར་ཏེ་གད་སྙིགས་སྡུད

ཁྱེད་ནི་ལྷམ་ཆུང་ཡ་གཅིག་བོར་ཡང་རྩེད་མོ་རྩེ

མདུན་གྱི་སོ་གཅིག་ལྷུང་ཡང་གད་མོ་བགད

༩༩

བློ་རིག་གི་རལ་གྲི་ནི་ངའི་གཤོག་པ་ཡིན

གཏི་མུག་གི་གྲི་ཤུབ་ནི་ངའི་སྒོ་ང་ཡིན

ཨ་མ་ཁྱེད་ནི་ང་ཡི་ལྷ་ས་དང་ལྷ་ཡུལ་ཡིན

འོ་ན་ངའི་མེ་ཏོག་ལྡུམ་ར་དང་པོ་ཏ་ལ་གང་ན་ཡོད་དམ

བྱེ་མའི་ནང་གི་མཆོད་རྟེན་དེ་པོ་ཏ་ལ་ཡིན་ནམ

རླུང་གིས་ཁུར་བའི་ཤོག་བྱ་དེ་མེ་ཏོག་ལྡུམ་ར་ཡིན་ནམ

ཨ་མ་ལགས

༡༠༠

གཡུ་ཆུང་དྲུག་དཀར་ཞིག་རྙེད་ཅིང་བོར་བརླག་ཏུ་སོང

མེ་ཏོག་དཀར་པོ་ཞིག་བཞད་ཅིང་ཆུ་རུ་གྱུར

ཡོད་ཚད་རྩེད་ཆས་སུ་མཐོང་བའི་བྱིས་པ་དེ་རྒས་སོང

ཡོད་ཚད་ཚོང་རྫས་སུ་མཐོང་བའི་ཕྱུག་པོ་དེའང་ཤི་སོང

༡༠༡

གླང་རྫི་ཆོས་པ་རུ་གྱུར་ཅིང་ཆོས་པ་གླང་རྫི་རུ་གྱུར་འདུག

དེ་ནི་ཆོས་པས་གླང་རྫི་ལ་ཆོས་བཤད་བྱས་ཤིང

གླང་རྫིས་ཆོས་པ་ལ་གླང་བཤད་བྱས་པའི་རྐྱེན་གྱིས་མིན

ས་ཡི་མེ་ཏོག་དག་གནམ་ལ་འཕུར་བ་དང

གནམ་གྱི་མེ་ཏོག་དག་ས་རུ་བབས་པའི་གོ་རིམ་དེ་ཡིན

༡༠༢

སྤྲིན་པས་ང་ལ་འཕྲིན་ཡིག་བྲིས་ཏེ

ཁ་བའི་མེ་ཏོག་རེ་རེ་ནི་ཁྱོད་ཀྱི་འགྱུར་སྐྱེན་པའི་འཇིག་རྟེན་དེ་ཡིན་ལ

དུས་ཚོད་སྐར་ཆ་རེ་རེ་ནི་ཁྱོད་ཀྱིས་འཚོལ་བཞིན་པའི་དག་ཞིང་དེ་རེད་ཟེར

ངས་དེ་ལ་ཡིག་ལན་དུ

ཁ་བའི་མེ་ཏོག་ཟེར་བ་འདི་ནི

གཉེན་སློང་མ་བྱས་གོང་ནས་མནའ་མར་ཡོང་མཁན་གྱི་བུ་མོ་ཞིག་རེད་ལ

དུས་ཚོས་སྐར་ཆ་རེ་རེ་ནི་ངས་མོ་ལ་བྱིན་པའི་བཟོད་སྒོམ་དང་ངང་རྒྱུན་དེ་ཡིན

ཞེས་བྲིས་ཡོད

༡༠༣

ཁྱོད་ཀྱི་དད་མོས་ནི་སྟོན་ཁའི་ཁུར་མང་དང་འདྲ་བར

རླུང་བུ་ཅུང་ཟད་ཅིག་ལྡང་དུས་གནམ་ལ་འཕུར་དགོས

ང་ཡི་དད་མོས་ནི་ཞོགས་པའི་འཇོལ་མོ་དང་འདྲ་བར

འོད་སྣང་ཅུང་ཟད་ཅིག་ཚོར་དུས་ཀྱུར་སྒྲ་སྒྲོག་དགོས

༡༠༤

ཤེལ་དམ་སྟོང་པ་ལྟ་བུའི་གླུ་པ་ལགས

ཁྱོད་ཀྱིས་ང་ལ་གནས་ལུགས་མང་པོ་ཞིག་མ་བཤད་རོགས

མེ་ཏོག་ལ་ཤི་གསོན་ཟེར་བ་ཞིག་མེད་ན་ཡང

རྐང་ལག་རྐྱང་སྐུམ་ཙམ་གྱིས་ཀྱང

འཇིག་རྟེན་ལ་བྲི་གང་བྱེད་ཐུབ

༡༠༥

ཁྱེད་ཀྱིས་མྱ་ངན་བྱེད་དུས

ངས་ད་གཟོད་མིག་ཆུ་འདོན་དགོས་པ་དྲན་བྱུང

ཁྱེད་ཀྱིས་ང་ལ་སྐམ་རྙིད་དུ་སོང་བའི་མེ་ཏོག་ཅིག་གནང་དུས

ངས་གཞི་ནས་ཁྱེད་ལ་ཤོག་བུ་སྟོང་པ་ཞིག་འབུལ་དགོས་པ་ཤེས་བྱུང

༡༠༦

དད་པ་དང་འདོད་ཆགས་གཉིས་མི་འདྲ་བར་ཞིབ་ཆ་ཕྱེས

ཁྲོ་གཏུམ་ཅན་དང་དཔའ་བོ་གཉིས་མི་འདྲ་བར་ཞིབ་ཆ་ཕྱེས

ཁ་བའི་མེ་ཏོག་ཅིག་དང་འདྲ་བར་ཞིབ་ཆ་ཡང་ཡང་ཕྱེས་ཀྱང

ཚངས་དབྱངས་རྒྱ་མཚོས་མ་རྙེད་པ་དེ་ངས་ཀྱང་རྙེད་མ་བྱུང

༡༠༧

ཁྱོད་རང་མེ་ཏོག་ལྡུམ་རར་བཞག་ན་ཕྱེ་མ་ལེབ་དང་ལྷན་ཅིག་རྩེ

ཁྱོད་རང་མཆོད་པའི་སྟེགས་སུ་བཤམ་ན་ལྷ་མོ་དག་དང་གར་ལ་རོལ

འགྱུར་བ་སྐྱེན་ཞིང་ནོགས་པར་སླ་བའི་ཁྱོད་ཀྱི་རང་གཤིས་དམར་རྗེན་མ

བྱིས་པ་དག་དང་སྤྱོད་པ་མཐུན་ཞིང་སངས་རྒྱས་རྣམས་དང་དགོངས་པ་མཉམ

༡༠༨

ང་རང་བྱིས་པ་ཡིན་དུས་ཤོག་བུའི་གྲུ་ཆུང་ཡང་ཡང་བཟོས

དེ་དག་གཙང་ཆུ་བརྒྱུད་དེ་མཐའ་ཡི་རྒྱ་མཚོར་སྤྲིངས་མྱོང

རྒྱ་མཚོ་ཆེན་མོས་བྱིས་པ་ཞིག་གི་སེམས་འདུན་མ་བརྗེད་པར

སྤྲིན་དཀར་དང་ཆར་ཆུ་བརྒྱུད་དེ

ང་ལ་མེ་ཏོག་འདི་དག་སྐྱེས་སུ་གནང་བྱུང་།

                                                  2020.10.28 

དཔྱད་མཆན་སྤེལ།

Close Menu