མདོ་ཁམས་རི་བོ་ཆེའི་གསོ་རིག་བྱུང་བ་བརྗོད་པ་གཟུར་གནས་དགྱེས་པའི་གཏམ།
ན་མོ་བྷོ་ཥ་ཛེ་ཡེ། ཚོགས་གཉིས་ཆུ་གཏེར་ཆེན་པོ་ལས་བསྲུབས་པའི། ། མངོན་འཁྲུངས་ཟླ་མེད་སྨན་གྱི་བླ་མ་དང་། ། དཔལ་ལྡན་རྒྱུད་བཞི་གངས་ཅན་འཛིན་མའི་རྩེར། ། འགོད་མཁན་གཡུ་ཐོག་པ་དེ་སྤྱི་བོས་མཆོད། ། དབྱི་ཤོད་གདུལ་བྱར་གཟིགས་པའི་རྒ་ལོ་དང་། ། མི་བཟད་ནད་ཀྱི་ཁུར་ཆེན་འཕྲོག་པའི་སྐྱབས། ། ཕུན་ཚོགས་འདོད་ཀུན་འཇོ་བའི་ཆོས་འབྱུང་རྗེ། ། བརྒྱུད་པར་བཅས་པ་རྣམས་ནི་བསྔགས་བྱའི་ཡུལ། ། དེ་ལྟར་མཁས་གྲུབ་རྣམས་ཀྱི་ངོ་མཚར་གཏམ། ། ཐོས་ཚེ་དད་པའི་ཤུགས་ཀྱིས་ཉེ་བསྐུལ་ནས། ། ཚིག་གི་སྲད་བུར་བརྒྱུས་ཏེ་བཀོད་པ་འདི། ། ཕྱོགས་ལྷུང་ལུས་ཕྲའི་བཞིན་རས་འཛུམ་པ་ལ། ། ཟུར་དུ་ལྷུང་བའི་སྨིན་མ་མ་གཡོ་བར། ། ངོ་བསྲུང་ཆེན་པོའི་དགོངས་པ་ཀློང་ཡངས་སུ། ། སྤྲོ་དང་བསྡུ་བའི་འཁྲི་ཤིང་དེ་བས་མིན། ། གཟུར་གནས་དགྱེས་པའི་ཁུངས་དང་ངེས་པའི་གཏམ། ། ཡི་གེར་བཀོད་པའི་ངལ་བ་འདི་ན་བྱས། །
དེ་ཡང་བོད་དང་བོད་ཆེན་པོའི་ཡུལ་འདི་ན། མདོ་དབུས་ཁམས་གསུམ་མམ་ཆོལ་ཁ་གསུམ་ལས། མདོ་སྟོད་མི་ཡི་ཆོལ་ཁ། ཆུ་ཆེན་བཞི་ཡིས་བཅད་པའི་སྨད་མདོ་ཁམས་སྒང་དྲུག་གི་ནང་ཚན་དངུལ་རྫ་ཟལ་མོ་སྒང་། བར་ཁམས་ཤོད་ཆེན་བཅོ་བརྒྱད་ནང་ཚན་དབྱི་ཤོད་རི་བོ་ཆེ་འདིའི་གསོ་རིག་གི་བྱུང་བ་བརྗོད་པ་ལ། དང་པོ་ དར་ཁྱབ་བྱུང་ཚུལ། གཉིས་པ་གསོ་རིག་འཛིན་པ་རྣམས་ཀྱི་ལོ་རྒྱུས། གསུམ་པ་སྨན་རྫས་ཀྱི་འབྱུང་ཁུངས་གསུམ་ལས།
དང་པོ། ཐོག་མར་དར་ཁྱབ་བྱུང་ཚུལ་ནི། དབྱི་ཤོད་རི་བོ་ཆེའི་ཡུལ་འདི་ནི་བོད་ཡུལ་སྤྱི་དང་འདྲ་བ་གནས་གང་ སར་བོན་པོའི་གནས་དང་དགོན་ཤུལ། རྡོ་ལ་བསྐོས་པའི་བོན་ཡིག་སོགས་མཐོང་དུ་ཡོད་པས་སྔ་མོ་བོན་ཆོས་དར་ཡོད་ པ་སྨོས་མ་དགོས། སྤྱིར་བོད་ཀྱི་སྨན་རྩིས་གཉིས་ནི་ཐོག་མར་བོན་ཆོས་དར་བ་ནས་བོད་མི་རང་གི་འཛིན་སྐྱོང་བྱས་པ་ལས་བྱུང་སྟེ། དེ་ནས་རིམ་བཞིན་བན་ཆོས་དར་ནས་གཙུག་ལག་གཉིས་ཀྱི་ལམ་ཡངས་པོར་ཕྱེས་ཏེ་སྨན་རྩིས་ སོགས་བཅུ་ཕྲག་རིག་པའི་གཞུང་ལུགས་དར་བ་ཡིན། བོད་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ནི་ཆོས་ལུགས་ པས་འཛིན་སྐྱོང་བྱས་པ་ལས་བྱུང་བ་རེད་ལ་བོད་ཀྱི་རིག་གནས་ནི་ཆོས་ལུགས་དང་འབྲེལ་ཆེ་བས་ཡིན། རང་རེས་ དབྱི་ཤོད་རི་བོ་ཆེ་འདིར་སྔ་མོ་བོན་གྱི་གྲུབ་མཐའ་ཡིན་ཡང་། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་སློབ་དཔོན་ཆེན་པོའི་སློབ་
མ་རླངས་ཨ་མྱེ་བྱང་ཆུབ་འདྲེ་ཁོལ་གྱིས་ཁྱུང་པོ་བན་ཆོས་སྤེལ་བ་ནས་རིམ་བཞིན་འདི་ན་བན་ཆོས་དར་འགོ་ཚུགས། བོན་གྱི་ལོ་རྒྱུས་དང་སྐྱེས་ཆེན་རྣམས་ཀྱི་མཛད་འཕྲིན་སོགས་ལོ་རྒྱུས་ཀྱི་ཡིག་ཆ་མཐོང་ཡུལ་དུ་མེད་པས་འདིར་ཡིག་ཐོག་ ཏུ་བཀོད་པ་བྲལ་སོང་། ཁུངས་ཐུབ་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལས་འབྱུང་བ་ལྟར་ན། དུས་རབས་བཅུ་གཅིག་པའི་སྨད་ ཙམ་དུ་འཁྲུངས་པའི་དཔལ་ཆེན་ཧྥ་ལོ་དབྱི་ཤོད་རི་བོ་ཆེ་འདིར་ཕེབས་ཏེ། རི་བོ་ཆེ་འདིར་ཡུན་རིང་བཞུགས་ནས་ མགོན་པོ་སྒྲུབ་པ་དང་། ཕྱག་རྒྱ་ཆེན་པོ་ཉམས་སུ་བཞེས་ཏེ་མཁའ་སྤྱོད་ལ་གཤེགས་པའི་གནས་དང་། བསྟོད་པ་འོག་མིན་ མ་སོགས་མཛད་པའི་གནས་དེར་ད་ལྟ་ཡང་ཞྭ་ལོའི་ནང་ཟེར་བའི་གནས་རི་དང་གནས་ཕུག་སོགས་ཡོད། མཁས་གྲུབ་ ཁོང་གིས་སྨན་པ་གཞན་གྱི་རིམས་ནད་བཅོས་པ་ལས་ང་དཔལ་ཆེན་ཧྥ་ལོས་མཛེ་ནད་བཅོས་པ་མང་གསུངས་པ་དང་། སྨན་སྦྱོར་རྒ་ལོ་སྨན་དམར་སོགས་མཛད་པ་ལ་གཞིག་ན། གསོ་རིག་གི་ཕྱོགས་ལ་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ ཡོད་པ་གོར་མ་ཆག དེ་ལྟར་རི་བོ་ཆེ་འདིར་གསོ་དཔྱད་དབུ་བརྙེས་ནས་ལོ་ངོ་དགུ་བརྒྱ་ལྷག་ཙམ་ཟིན་ཡོད། དེ་ ནས་ཡུལ་གཡང་ཤོད་བོང་ར་སྟེང་དུ་རབ་བྱུང་བཞི་པ་ལྕགས་མོ་ཕག་གི་ལོ་སྟེ་སྤྱི་ལོ་༡༢༥༡ལོར་སྐུ་འཁྲུངས་པའི་རྗེ་བཙུན་ སངས་རྒྱས་དབོན་པོ་དབུས་སུ་ཕེབས་ཏེ། ཆོས་སྐུ་སངས་རྒྱས་ཡར་བྱོན་གྱི་མདུན་ནས་སྙན་བརྒྱུད་ཀྱི་གདམས་པ་རྣམས་ བུམ་པ་གང་བྱོའི་ཚུལ་དུ་གསན། དེ་ནས་རབ་བྱུང་ལྔ་པའི་མེ་བྱི་སྟེ་སྤྱི་ལོ་༡༢༧༦ལོ་དང་དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ། དབྱི་ཤོད་རི་བོ་ཆེ་རུ་ཕེབས་ནས་ཡང་དགོན་དང་ཐུན་ཁང་བརྒྱབ་སྟེ། ཐུབ་དབང་ལྷུན་པོ་སོགས་མཆོད་པའི་རྟེན་དུ་ བཞེངས་ནས་ཐོག་མའི་སྟག་ལུང་བཀའ་བརྒྱུད་ཀྱི་གདན་ས་གཉིས་པའི་གཞི་བཏིང་། ཁོང་དང་དུས་མཉམ་པའི་རྒྱ་ གར་ཤར་ཕྱོགས་བྷངྒ་ལར་འཁྲུངས་པའི་གྲུབ་ཆེན་ཛྷཱ་ན་ཏ་པ། གངས་ཅན་ཁྲོད་དུ་བྱོན་ནས་དགྱེས་རྡོར་དང་དགྲ་ནག་ལ་ སོགས་བོད་ཀྱི་དེ་ལ་སྤེལ་ཞེས་པའི་ལུང་བསྟན་པ་ལྟར། དབྱི་ཤོད་རི་བོ་ཆེ་འདིར་ཕེབས་ཏེ་ད་ལྟ་ཛྷཱ་ན་སྒྲུབ་ཕུག་ཞེས་པ་ དེ་ན་དགྱེས་རྡོར་དང་གཤིན་རྗེ་དགྲ་ནག་སོགས་ཀྱི་སྒྲུབ་དཀྱིལ་གདམས་ཟབ་སོགས་ཁོང་ལ་གནང་། སངས་རྒྱས་ དབོན་ཁོང་གི་ཛྷཱ་ན་ཏ་པས་དམ་ཆོས་སྒོ་སྐྱེལ་མཛད་ཞེས་པ་ཡང་འདི་ཡིན། དམ་པ་ཁོང་གི་དུས་ལ་ཐུན་མིན་གྱི་ཆོས་
དང་ཐུན་མོང་གི་རིག་གནས་དར་ཞིང་འཆད་རྩོད་རྩོམ་གསུམ་གྱི་བཤད་སྒྲུབ་བསྟན་པ་སྤེལ། ཁོང་གི་སློབ་མ་གཙོ་བོ་ སྐུ་ཞང་བསོད་ནམས་དཔལ་སོགས་གྲྭ་སློབ་ཉིས་སྟོང་ཙམ་འདུས། དམ་པ་ཁོང་གི་གསུང་རྩོམ་པོད་བཅུ་གསུམ་ཡོད། དེ་ནས་བཟུང་མདོ་ཁམས་རི་བོ་ཆེ་འདིར་ཆོས་དང་རིག་པའི་གནས་ཀུན་དར་བ་གོར་མ་ཆག མདོ་ཁམས་རི་བོ་ཆེ་ འདིར་གསོ་རིག་དར་ཁྱབ་སྔ་མོ་ནས་བྱུང་བ་གོང་དུ་སོང་བ་ལྟར་ཡིན་ཡང་། ཁྱད་པར་དུ་ད་ལྟ་གསོ་རིག་གི་བརྒྱུད་པ་ ཕལ་ཆེར་ནི། ཟུར་ལུགས་ལས་འབྲི་ལུགས་དང་ཁམས་ལུགས་གཉིས་གྱེས་པ་ལས་ཁམས་ལུགས་ཡིན། ལུགས་འདི་དབྱི་ ཤོད་རི་བོ་ཆེ་འདིར་སྔ་དར་ཕྱི་དར་གཉིས་བྱུང་ཡོད། །
སྔ་དར་ནི། རབ་བྱུང་བཅུ་གཉིས་པའི་ས་ཡོས་ལོ་སྟེ་སྤྱི་ལོ་༡༦༩༩ལོར་འཁྲུངས་པའི་ཁམས་ལུགས་སྲོལ་གཏོད་པ་པོ་སི་ ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དངོས་སློབ་ཏུ་གྱུར་པ་འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ནི། ཀརྨ་དགོན་ནས་ལེ་དབར་ཕྱེད་ དང་ཟུར་མང་དགོན་དང་ལེ་དབར་ཙམ་འགྱང་བའི་བར་དུ་འབེ་རྫ་ཉིན་ནམ་ཐོབ་སྒང་ཞེས། ཁོང་འཁྲུངས་པའི་དུས་ སྐབས་སྔོན་ཙམ་ནས་རི་བོ་ཆེ་སྟག་ལུང་ཞབས་དྲུང་གི་མངའ་འོག་གི་མི་སེར་ཡིན་པ་ཁོང་གི་རང་རྣམ་ལས་གསལ་བ་ བཞིན་ཡབ་འབེ་སྒྲོལ་མ་མགོན་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་ལོ་སྟེ་ སྤྱི་ལོ་༡༧༡༨ལོར་འཁྲུངས། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཁོང་སྔ་ཕྱི་ཐེངས་མང་རི་བོ་ཆེ་རུ་ཕེབས་ནས་རྗེ་དྲུང་སྐུ་ཕྲེང་ ལྔ་པ་རིན་ཆེན་ལེགས་གྲུབ་ཀྱི་རིག་པའི་གནས་ལྔའི་སློབ་དཔོན་ནམ་ཡོངས་འཛིན་མཛད་ནས་ཡུན་རིང་བཞུགས། གསུང་ རྩོམ་ཆོ་ག་དང་། སྨན་རྩིས་སོགས་ཀྱི་གསུང་རྩོམ་དུ་མར་མཆིས། རིན་ཆེན་ལེགས་གྲུབ་ཁོང་གིས་ཀྱང་སི་ཏུ་ཆོས་ཀྱི་ འབྱུང་གནས་མདུན་ནས་ཆོས་དང་གསོ་རིག་སྐོར་ལས་ཕྱི་མ་རྒྱུད་ཆ་ཚང་སོགས་གསན་བསམ་མཛད་ནས་འཆད་རྩོམ་ལ་ མངའ་བརྙེས་པའི་མཁས་པའི་ཏོག་ཏུ་ཐོན། ད་ལྟ་མཇལ་དུ་ཡོད་པ་ནི་ཁོང་གི་གསུང་རྩོམ་པོད་གཉིས་ཡོད། རིན་ཆེན་ ལེགས་གྲུབ་ཀྱི་སློབ་མ་འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ་ནི་ཐུན་མིན་དང་ཐུན་མོང་རིག་གནས་ཀུན་ལ་མཁས་པའི་ གོ་འཕང་སྙེག་སྟེ་གསུང་རྩོམ་པོད་བཞི་ཡོད། དེ་ལྟར་ཁམས་ལུགས་ཐོག་མར་དར་བ་ཡིན།
ཕྱི་དར་ནི། སྨན་རྩིས་མཁས་པ་བྱམས་པ་འབྱུང་གནས་ཀྱི་དུས་ནས་ཡིན་ཏེ་ཁོང་ནི། སི་ཏུ་ཆོས་ཀྱི་འབྱུང་གནས་ ཀྱི་སློབ་བརྒྱུད་ཡིན་པ་མཁྱེན་བརྩེ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་མཁས་དབང་དུ་མར་བསྟེན་ཏེ། ཐུན་མོང་དང་ ཐུན་མིན་གྱི་རིག་གནས་ཀུན་ལ་མཁས་པའི་གོ་འཕང་ཐོབ་པའི་ཡོངས་གྲགས་ཀྱི་མཁས་པ་ཞིག་ཡིན། ཁོང་གི་སློབ་མ་ འཕགས་མཆོག་ངག་དབང་ཀུན་དགའ་རྣམ་རྒྱལ་དང་། སྲས་མོ་དུ་གྱུར་པ་མཁའ་འགྲོ་དབྱངས་ཅན་ལྷ་མོ། སློབ་དཔོན་
དཀོན་མཆོག་སོགས་ཡོངས་གྲགས་ཀྱི་སྨན་པ་མཁས་པ་དུ་མ་ཡོད། འཕགས་མཆོག་ངག་དབང་ཀུན་དགའ་རྣམ་རྒྱལ་ཁོང་ གིས་ཀྱང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་བསྟེན། ཁོང་གི་སློབ་མ་མཁན་ཕུར་ཚེ་དང་རྒྱ་ཡུ་ཨ་སེང་སོགས་སྨན་རྩིས་ མཁས་པ་དུ་མ་ཡོད། སྲས་མོ་དུ་གྱུར་པ་མཁའ་འགྲོ་དབྱངས་ཅན་ལྷ་མོ་ཁོང་གི་སློབ་མ་དང་སྲས་སུ་གྱུར་པ་ད་ལྟ་འཇམ་ དཔལ་ཀུན་ཁྱབ་སོགས་ཡོད། སློབ་དཔོན་དཀོན་མཆོག་གི་སློབ་མ་བསོད་ཉི་ཡིན་ལ་ད་ལྟ་འཚོ་བཞུགས་ཡོད་པའི་དཔོན་ རྒན་རྣམ་པ་ཁོང་གི་སློབ་མ་ཡིན། གཞན་ཡང་སྲས་སྤྲུལ་ཀརྨ་མི་ཕམ་ཁོང་ཚ་སྒྲོ་བྲག་ལ་བཞུགས་དུས་ཀ་ཐོག་མཁན་པོ་ དྲི་མེད་འོད་ཟེར་གྱི་མདུན་ནས། རིག་པའི་གཞུང་ལུགས་སྤྱི་དང་གསོ་རིག་གི་གཞུང་ལུགས་སོགས་གསན་པ་དང་། གཞན་ཡང་གསོ་རིག་གི་སློབ་དཔོན་དུ་མ་མདུན་ནས་ལག་ལེན་སྐོར་སོགས་སྦྱང་པ་མཐར་ཕྱིན་མཛད་ནས་རི་བོ་ཆེ་ འདིར་གསོ་རིག་གི་འགྲོ་དོན་མཛད། མཁས་པ་ཆེན་པོ་ཁོང་གི་སློབ་མ་དབྱི་ཤོད་རི་བོ་ཆེ་འདིར་ལྷ་སྲུང་དང་ཀུན་དགའ་ སོགས་དུ་མ་བྱོན་ཡོད།
གནམ་ཆོས་ལུགས་ཞེས་པ་འདི་བྱུང་ཚུལ་ནི། ཐོག་མར་མཁས་གྲུབ་ཀརྨ་ཆགས་མེད་ནི་བཀའ་རྒྱུད་ཆེ་བཞི་ནང་ཚན་ ཀརྨ་བཀའ་བརྒྱུད་པའི་གནས་ཟུར་གཉིས་ལས་གནས་མདོ་བཀའ་བརྒྱུད་སྲོལ་འབྱེད་པ་ཡིན། ཁོང་གི་སློབ་མ་གནམ་ ཆོས་མི་འགྱུར་རྡོ་རྗེ་ཁོང་ནི་སྔ་འགྱུར་གསང་སྔགས་རྙིང་མ་ལ་རིང་བརྒྱུད་བཀའ་མ་དང་། ཉེར་བརྒྱུད་གཏེར་མ། ཟབ་ མོ་དག་སྣང་གསུམ་ལས་ཟབ་མོ་དག་སྣང་དུ་གཏོགས་པའི་གནམ་ཆོས་ཐུགས་ཀྱི་གཏེར་ཁའི་སྲོལ་འབྱེད་པ་དང་། གནམ་ ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨན་དཔྱད་སྐོར་ལ་འཆི་བ་མལ་ནས་སློང་བྱེད་ཅེས་བད་ཀན་མིད་འཆུས་ཞི་བར་བྱེད་པའི་ སྔགས་དང་མེ་བཙའ། རྫས་སྦྱོར་སྐོར་སོགས་དང་། སྨན་སྔགས་སྣ་ཚོགས་ཡོད། ཀོང་སྤྲུལ་ཟིན་ཏིག་སོགས་ལས་ཤིན་ ཏུ་ཞི་བ་དཀའ་ན་གནམ་ཆོས་ལུགས་ཀྱི་སྔགས་རྣམས་ཟབ་ཅེས་པ་བཞིན་ཤིན་ཏུ་ཕན་པ་མྱོང་གྲུབ་ཏུ་ཡོད། གཞན་ཡང་ གནམ་ཆོས་མགོ་སྨན་ཞེས་སྦྱོར་སྡེ་ཁྱད་པར་བ་དུ་མ་ཡོད་པ་ལ་གནམ་ཆོས་ལུགས་ཞེས་ཟེར་ནས་ད་ལྟ་ཡང་དབང་ལུང་ གི་བརྒྱུན་རི་བོ་ཆེ་འདིར་གནས་ཡོད། ། སྟོད་ལུགས་ཀྱང་དར་ཁྱབ་བྱུང་ཡོད། ཐོག་མར་ལྕགས་བྱི་ལོ་སྟེ་སྤྱི་ ལོ་༡༦༠༠ལོར་འཁྲུངས་པའི་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཁོང་ནས་དར་བ་ཡིན། ཁོང་གིས་རྗེ་བཙུན་ངག་དབང་ རྣམ་རྒྱལ་སློབ་དཔོན་དུ་བསྟེན་ནས་མདོ་རྒྱུད་སོགས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཀུན་ལ་མཁས་པའི་གོ་འཕང་ ཐོབ། ཁོང་ནི་དབྱི་ཤོད་རི་བོ་ཆེ་འདིར་ཕེབས་ནས་རྗེ་དྲུང་གྲགས་པ་ལེགས་གྲུབ་དང་མཁས་གྲུབ་ཀརྨ་ཆགས་མེད་ སོགས་གྲུབ་མཐའ་རིས་མེད་ཀྱི་སློབ་མ་དུ་མ་གསོ་སྐྱོང་མཛད། ཁོང་གི་གསོ་རིག་སྐོར་ལ་ཕྱི་མ་རྒྱུད་ཀྱི་འབྲུ་འགྲེལ་
དང་། ཆོས་ལུགས་ཀྱི་སྐོར་སོགས་གསུང་རྩོམ་པོད་ཉི་ཤུ་ཙམ་ཡོད། ཁོང་གི་དུས་ནས་སྟོད་ལུགས་ཀྱི་གསོ་རིག་བསྟན་ པ་དར། དེ་ལྟར་རི་བོ་ཆེ་འདིར་གསོ་རིག་དར་ནས་ད་ལྟ་རབ་ལོ་༩༩༣དང་སྤྱི་ལོ་༢༠༡༩ལོ་བར་ལོ་ངོ་དགུ་བརྒྱ་ལྷག་ ཙམ་དང་། ད་ལྟ་ཁམས་ལུགས་ཀྱི་བརྒྱུད་པ་བར་མ་ཆད་པ་འདི་ལོ་ངོ་སུམ་བརྒྱ་ལྷག་ཙམ་ཡིན་ནོ།།
སྡོན་གྱི་དམ་པའི་སྐྱེས་བུ་ལ། ། སུ་ཞིག་མི་མགུ་ག་ལ་སྟེ། ། འོན་ཏེ་ཡོན་ཏན་རབ་བརྗོད་ན། ། ཤིན་ཏུ་དད་པའི་རྗེས་སུ་འགྲོ། ། ཞེས་བར་སྐབས་ངལ་གསོ་བའི་ཚིག་གིས་མདུན་བསུས་ནས་གཉིས་པ་མདོ་ཁམས་ དཔལ་རི་བོ་ཆེ་འདིར་སྐུ་ཡི་མཚན་དཔེ་བཞད་པའི་གསོ་རིག་འཛིན་པ་རྣམས་ཀྱི་མཛད་འཕྲིན་བརྗོད་པ་ལ།
ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་རི་བོ་ཆེའི་ངོམ་སྟོད་བཤེས་སྐྱམ་དུ་རབ་བྱུང་བདུན་པའི་མེ་སྤྲེལ་ལོ་སྟེ་སྤྱི་ ལོ་༡༤༡༦ལོར་འཁྲུངས་པ་དང་། ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་བར་ཁམས་རི་བོ་ཆེ་ངོམ་རྒྱུད་ཀ་ཏི་ས་ཏམ་གྱི་ གྲོང་དུ་རབ་བྱུང་དགུ་པའི་མེ་ཡོས་ཏེ་སྤྱི་ལོ་༡༥༠༧ལོར་སྐུ་ཡི་མཚན་དཔེ་བཞད། ཁམས་སྤྲུལ་སྐུ་ཕྲེང་དང་པོ་ཁམས་པ་ གྲུབ་ཆེན་ཀརྨ་བསྟན་འཕེལ་རབ་བྱུང་བཅུ་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ་༡༥༤༨ལོར་ཁམས་རི་བོ་ཆེའི་དགོན་དང་ཉེ་ས་ཁོ་ཚ་ རིན་ཆེན་སྒང་དུ་འཁྲུངས་པ་སོགས་ཀྱིས་མཚོན་པའི་རི་བོ་ཆེ་འདིར་ཡོངས་གྲགས་ཀྱི་མཁས་གྲུབ་དུ་མ་བྱོན་ཡོད་ཀྱང་། སྐབས་འདིར་ཁྱད་པར་དུ་གསོ་རིག་འཛིན་པ་རྣམས་ཀྱི་མཛད་འཕྲིན་བརྗོད་པ་ལ། ཐོག་མར་གནས་མདོ་ཀརྨ་ཆགས་མེད་དམ་མཁས་གྲུབ་རཱ་ག་ཨ་སྱས་ནི། མདོ་ཁམས་སྒང་དྲུག་ལས་དངུལ་རྫ་ཟལ་མོ་ སྒང་གི་སའི་ཆ། སྔར་མོ་དུས་རབས་བཅུ་བཞི་པར་རི་བོ་ཆེ་མངའ་ཐང་རྒྱས་པ་ནས་དུས་རབས་ཉི་ཤུ་པའི་བར་དུ་མདོ་ ཁམས་རི་བོ་ཆེ་ཁོངས་ཀྱི་ངོམ་གནས་མདོ་ཁ་ཞེས་པ་དེར། བོད་ཆོས་རྒྱལ་གྱི་གདུང་རྒྱུད་ངོམ་པ་ལྷ་གདུང་ཚང་དུ། ཡབ་སྔགས་འཆང་ཨ་ནུ་པདྨ་དབང་གྲགས་དང་ཡུམ་རི་བཟའ་ཆོས་སྐྱོང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ས་བྱ་ ལོ་སྟེ་སྤྱི་ལོ་༡༦༠༩ལོར་ངོ་མཚར་བའི་མཚན་དཔེ་བཞད། དམ་པ་ཁོང་ཆུང་དུས་ནས་ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ ཀློག་དང་ཆོས་ལུགས་སྐོར་སོགས་གསན་བསམ་རྒྱ་ཆེར་མཛད། དེ་ནས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་དང་། རི་བོ་ ཆེའི་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་སོགས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་མདོ་སྔགས་རིག་གཞུང་ཀུན་ ལ་སྦྱང་པ་མཐར་ཕྱིན་དང་། བཀའ་གཏེར་རིས་མེད་ཀྱི་དབང་ཁྲིད་གདམས་པས་ཟག་མེད་ཐུགས་ཀྱི་བུམ་བཟང་ ཡོངས་སུ་བལྟམས་ཤིང་། སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པའི་གོ་འཕང་བརྙེས། ངོམ་གནས་མདོ་ཁར་གདན་ ས་བཏབ་ནས། ཀརྨ་བཀའ་བརྒྱུད་ཀྱི་གནས་ཟུར་གཉིས་ལས། གནས་མདོ་བཀའ་བརྒྱུད་ཀྱི་སྲོལ་ལེགས་པར་ཕྱེས་ཏེ།
མདོ་སྔགས་ཀྱི་ལྟ་སྒོམ་སྤྱོད་པའི་རང་རྐང་ཟིན་ཅིང་། རྩིས་ས་རིས་ས་དཔྱད་ཡན་གྱི་རིག་པའི་གནས་མཐའ་དག་ཆ་ ཚང་བའི་གདན་ས་ཁྱད་པར་ཅན་ཞིག་ཡིན། མཁས་གྲུབ་ཁོང་གིས་གནམ་ཆོས་མི་འགྱུར་རྡོ་རྗེ་དང་། རྫོགས་ཆེན་པདྨ་ རིག་འཛིན། དཔལ་ཡུལ་ཀུན་བཟང་ཤེས་རབ། རུ་པ་བཙོན་གྲུས་རྒྱ་མཚོ། གསང་ཕུ་པདྨ་ཀུན་དགའ་སོགས་མཁས་ ཤིང་གྲུབ་པའི་སློབ་ཚོགས་མང་དུ་བསྐྱངས། མཁས་གྲུབ་ཁོང་གིས་རྩོམ་སྒྲིག་གནང་བའི་གསུང་རབ་སྐོར་ལ། མདོ་སྔགས་ཀྱི་གཞུང་བཤད་དབང་ཁྲིད་གདམས་པ་དང་། མདོས་གཏོ་ཆོག་ས་རིས་ས་དཔྱད་སོགས་ཚད་ལྡན་ཁུངས་ ཐུབ་དང་། སྨན་དང་རྩིས་རིག་གི་སྐོར་སོགས། ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་གི་གླེགས་བམ་བརྒྱ་ལྷག་ བཞུགས་པར་གྲགས་ཀྱང་ད་ལྟ་མཐོང་དུ་ཡོད་པའི་གླེགས་བམ་ལྔ་བཅུ་ལྷག་ཙམ་ཡོད་དོ།
གནམ་ཆོས་མི་འགྱུར་རྡོ་རྗེ་ནི། རི་བོ་ཆེ་དང་ཆབ་མདོ་གཉིས་ཀྱི་མཚམས་རི་བོ་ཆེ་དང་ཀརྨ་དགོན་གཉིས་ཀྱི་བར་དོམ་ སྟོད་རོ་ལོ་ཞེས་པ། སྔར་མོ་དུས་རབས་བཅུ་བཞི་པར་རི་བོ་ཆེ་མངའ་ཐང་རྒྱས་པ་ནས་དུས་རབས་ཉི་ཤུ་པའི་བར་དུ་ མདོ་ཁམས་རི་བོ་ཆེ་ཁོངས་སུ་ཡབ་མགོན་པོ་ཚེ་བརྟན་དང་ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་ གཅིག་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ༡༦༤༥ལོར་སྐུ་ཡི་མཚན་དཔེ་བཞད། གཏེར་ལུང་དུ་མ་ནས་ཟིན་ཅིང་སྔོན་གྱི་སྐྱེ་བ་དུ་ མ་དྲན་པ་དང་། གཞན་སེམས་མཁྱེན་པའི་མངོན་ཤེས་སོགས་ངོ་མཚར་བའི་ཡོན་ཏན་དུ་མ་མངའ། དགུང་ལོ་ལྔ་ལོན་ ནས་གནས་མདོ་ཀརྨ་ཆགས་མེད་ཡོངས་འཛིན་དུ་བསྟེན་པ་དང་། རྫོགས་ཆེན་པདྨ་རིག་འཛིན། བླ་མ་ཕྲིན་ལས་ རྣམས་ཆོས་བདག་ཏུ་དབང་བསྐུར། གཏེར་སྟོན་སྟག་ཤམ་རྡོ་རྗེ་སོགས་ལས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཀུན་ ལ་གསན་བསམ་མཐར་ཕྱིན་མཛད། དགུང་ལོ་བཅུ་གཅིག་བཞེས་པ་ནས་བཟུང་ཟབ་མོ་དག་སྣང་དུ་བསྩལ་བའི་སྒྲུབ་ སྐོར་མང་པོ་དང་། སྨན་དཔྱད་སྐོར། སྲུང་འཁོར། རྩ་རླུང་སྐོར་གྱི་ཁྲིད་སོགས་ཁྱོན་པོད་བཅུ་གསུམ་ཙམ་བཞུགས། དེ་ དག་ལ་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཞེས་མཚན་དུ་གསོལ། ཁོང་ནི་སྔ་འགྱུར་གསང་སྔགས་རྙིང་མ་ལ་རིང་བརྒྱུད་ བཀའ་མ་དང་། ཉེར་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གསུམ་ལས་ཟབ་མོ་དག་སྣང་དུ་གཏོགས་པའི་གནམ་ཆོས་ ཐུགས་ཀྱི་གཏེར་ཁའི་སྲོལ་འབྱེད་པ་དང་། གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨན་དཔྱད་སྐོར་ལ་འཆི་བ་མལ་ནས་ སློང་བྱེད་ཅེས་བད་ཀན་མིད་འཆུས་ཞི་བར་བྱེད་པའི་སྔགས་དང་མེ་བཙའ། རྫས་སྦྱོར་སྐོར་སོགས་དང་། སྨན་སྔགས་ སྣ་ཚོགས་དང་། གནམ་ཆོས་མགོ་སྨན་ཞེས་སྦྱོར་སྡེ་ཁྱད་པར་བ་དུ་མ་ཡོད་པ་ལ་གནམ་ཆོས་ལུགས་ཞེས་ཟེར་ནས་ད་
ལྟ་ཡང་དབང་ལུང་གི་བརྒྱུན་རི་བོ་ཆེ་འདིར་གནས་ཡོད། མཁས་གྲུབ་ཁོང་སྔ་ཕྱིར་ནང་ཆེན་དང་། སྡེ་དགེ ཀ་ཐོག དཔལ་ཡུལ། འབྲི་རྒྱུད་རེ་ཁེ་སོགས་སུ་ཕེབས་ཏེ་ནད་ཆེན་སྐྱོ་བྲག་དང་མཁའ་འགྲོ་འབུམ་རྫོང་། ན་བུན་རྫོང་སོགས་ གནས་ཆེན་དགུ་ཙམ་གྱི་གནས་སྒོ་གསར་འབྱེད་སོགས་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་ནས་མཐོང་ཐོས་དྲན་ རིག་ཐམས་ཅད་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད། རྨུགས་སངས་སུ་ཕེབས་ཏེ་འདུས་པ་སྟོང་ཕྲག་གཉིས་ལྷག་ཙམ་ ལ་རང་གཏེར་ཚང་མའི་དབང་ལུང་ཉམས་ཁྲིད་ལན་གཉིས་ཙམ་བཀའ་དྲིན་བསྐྱངས། ས་སྐྱོང་སྡེ་དགེ་ཆོས་རྒྱལ་གྱིས་ གདན་དྲངས་ནས་དབུ་ཡི་མཆོད་གནས་སུ་བསྐུར། སློབ་མ་གཙོ་བོ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་སྐྱེད་སྲིང་མཛད། དགུང་ལོ་ཉེར་བཞི་བཞེས་པ་དང་། གློ་བུར་དུ་ཞིང་ཁམས་ མེ་ཏོག་བཀོད་པར་རྒྱལ་བ་མེ་ཏོག་མྱ་ངན་ལས་འདས་པའི་རྒྱལ་ཚབ་ཏུ་འགྲོའོ་ཞེས་བཀའ་བསྩལ་ཏེ་རྨུགས་སངས་དགོན་ ནས་པདྨ་འོད་ཀྱི་ཞིང་དུ་གཤེགས། རྗེ་འདིས་ས་གཏེར་བརྒྱ་རྩ་འདོན་པའི་ལུང་བསྟན་ཡོད་ཀྱང་རྟེན་འབྲེལ་གྱི་གནད་ འགའ་ཞིག་གིས་ཕྱག་ཏུ་མ་སོན་བས་ཕྱིས་གཏེར་སྟོན་སྟག་ཤམ་རྡོ་རྗེ་དང་། ཡོངས་དགེ་མི་འགྱུར་རྡོ་རྗེ་རྣམས་ལ་ཐུགས་ རྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པར་གསུངས་སོ།
རྗེ་དྲུང་སྐུ་ཕྲེང་བདུན་པ་ངག་དབང་གྲགས་པ་ཕྲིན་ལས་བྱམས་པ་འབྱུང་གནས་ནི། རབ་བྱུང་བཅོ་ལྔ་པའི་ས་སྟག༡༨༧༨ལོར་རི་བོ་ཆེ་ལྟག་སྒོའི་ཟླ་ནང་དཔོན་ཚང་དུ་ཨ་ལྕགས་འབྲུ་ཡི་རིགས་ཡབ་ཚེ་རིང་ རྣམ་རྒྱལ་དང་ཡུམ་གྱི་མདའ་བཟའ་བཀྲ་ཤིས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། ཁྲོམ་རྒྱལ་བ་བྱང་ཆུབ་ཀྱིས་ངོས་ འཛིན་ལྟར་ལྷ་ལྡན་ཇོ་བོའི་མདུན་གསེར་བུམ་དཀྲུགས་ནས་རི་བོ་ཆེའི་གདན་སའི་ཁྲིར་ཕེབས། གཞུང་སར་མཛད་ བཅར་གྱི་གོ་གནས་སྡར་ལམ་བཞིན་བསྩལ། རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་ལས་རབ་ ཏུ་བྱུང་། སྟག་ལུང་དུ་ཕེབས་ཏེ་མ་རིན་པོ་ཆེ་ཐེག་མཆོག་འཇིགས་མེད་དཔའ་བོ་ལས་རང་ལུགས་ཀྱི་ཆོས་རྣམས་གསན། དེ་ནས་རིམ་བཞིན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། བློ་རིག་འཛིན་སོགས་ལས་ ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཀུན་གསན་བསམ་མཐར་ཕྱིན་མཛད་དེ། རིག་པའི་གནས་ལྔར་མཁས་པའི་གོ་ འཕང་ཐོབ་པའི་ཡོངས་གྲགས་ཀྱི་མཁས་པ་ཞིག་ཡིན། ཁྱད་པར་དུ་གསོ་རིག་སྨན་སྦྱོར་གྱི་ཕྱག་བཞེས་ཐད་དེ་བས་གྲགས་ པ་ཤིན་ཏུ་ཆེ། རྒྱལ་དབང་བཅུ་གསུམ་པའི་བཀའ་བཀོད་ལྟར་པདྨ་བཀོད་དུ་ཡང་གསང་གནས་སྒོ་འབྱེད་པར་ཕེབས། སྤོ་བོ་ཀ་ནམ་སྡེ་པས་སྦྱིན་བདག་ཞུས། དྲྭ་རིགས་ཀྱི་དཔོན་སྦོ་རྒྱལ་དང་མཆོད་ཡོན་སྦྲེལ། དྲྭ་རིགས་ལ་ཆོས་
གསུངས་པས་ཆོས་ལུགས་ཕྲན་བུ་ཁ་འདོན་ཤེས་པ་བྱུང་། དེ་ནས་བོད་ས་གནས་སྲིད་གཞུང་གིས་རྒྱ་དང་ངན་འབྲེལ་ བྱས་པའི་ནག་ཉེས་བཀལ་ཏེ་བྱང་སྟག་རིང་དགོན་དུ་རྩིས་སྤྲད་ཅིང་དེར་ལོ་གཉིས་ཙམ་བཞུགས། དེ་ནས་སྟག་ལུང་རྩེ་ སྤྲུལ་གྱིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་སྟག་ལུང་དགོན་པར་གདན་ཞུས་ཆོག་པའི་སྙན་ཞུ་ཕུལ་དོན་ལྟར་ཆོག་ མཆན་ཐོབ་སྟེ་སྟག་ལུང་དགོན་པར་གདན་ཞུས་མཛད། སྟག་ལུང་དགོན་པར་བཞུགས་སྐབས། རྒྱལ་དབང་སྐུ་ཕྲེང་བཅུ་ གསུམ་པ་ལ་སྨན་རྩིས་ཁང་གིས་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱི་མདུན་ནས་གསོ་རིག་སྨན་སྦྱོར་གྱི་ཁྲིད་ལུང་འགའ་ ཞིག་ཞུ་ཆོག་པའི་སྙན་ཞུ་ཕུལ་ཏེ། རྗེ་དྲུང་གི་མདུན་ནས་སྨན་རྩིས་ཁང་གི་སྨན་པ་གཉིས་ཀྱིས་གསོ་རིག་སྨན་སྦྱོར་གྱི་ཁྲིད་ ལུང་འགའ་ཞིག་ཞུས་གནང་མཛད། ཁོང་གཉིས་ལ་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱིས་བུ་མོ་དབྱངས་ཅན་ལྷ་མོ་ལ་ སྨན་རྩིས་ཁང་ནས་མིག་འབྱེད་ཀྱི་ལག་རྩལ་བསླབ་རོགས་ཞེས་རེ་ཞུས་ཀྱང་མཛད། རྗེ་དྲུང་བྱམས་པ་འབྱུང་གནས་ཁོང་ ནི་གསོ་རིག་གི་ཕྱོགས་ལ་མཛད་འཕྲིན་ཧ་ཅང་ཆེ་སྟེ། མཐུན་མིན་གྱི་སྨན་སྦྱོར་ངོ་མཚར་བ་དང་དཔྱད་བཅོས་སྐོར་ལ་ ལག་ལེན་ཁྱད་པར་བ་དུ་མ་ཡོད། ཁོང་གི་གསོ་རིག་སྨན་སྦྱོར་སྐོར་གྱི་ཉམས་ཡིག་པོད་གཅིག་རིག་གསར་སྐོར་གྱི་སྔོན་དུ་ ཡོད་ཀྱང་དེའི་རྗེས་ཙམ་ནས་མཐོང་དུ་མེད། ད་ལྟ་མཇལ་དུ་ཡོད་པ་ནི་གསུང་རྩོམ་པོད་དྲུག་ཡོད། སྟག་ལུང་ཡར་ཐང་དུ་ བཞུགས་རིང་རང་ལུགས་ཀྱི་ཟབ་ཆོས་རྣམས་རྩེ་སྤྲུལ་དག་དབང་དཔལ་ལྡན་ལ་གནང་། དེ་ལྟར་སློབ་མ་རྩེ་སྤྲུལ་དག་ དབང་དཔལ་ལྡན། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ཟུར་མང་དྲུང་པ་སོགས་མང་ངོ་། རི་བོ་ཆེ་འདིར་ ཁོང་གི་སློབ་མ་འཕགས་མཆོག་ངག་དབང་ཀུན་དགའ་རྣམ་རྒྱལ་དང་། ཞབས་དྲུང་བྱང་ཆུབ་ཆོས་ཀྱི་ཉི་མ། རི་ཆེའི་ མཁན་པོ་ངག་དབང་ལེགས་གྲུབ། སྲས་མོ་དུ་གྱུར་པ་མཁའ་འགྲོ་གཡང་དགའ། སློབ་དཔོན་དཀོན་མཆོག་སོགས་ ཡོངས་གྲགས་ཀྱི་སྨན་པ་མཁས་པ་དུ་མ་སྐྱེད་སྲིང་མཛད་དོ། འཕགས་མཆོག་ངག་དབང་ཀུན་དགའ་རྣམ་རྒྱལ་ཁོང་གིས་ ཀྱང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ལ་བསྟེན། ཁོང་གི་སློབ་མ་མཁན་ཕུར་ཚེ་དང་རྒྱ་ཡུ་ཨ་སེང་སོགས་སྨན་རྩིས་
མཁས་པ་དུ་མ་ཡོད།
དབྱངས་ཅན་ལྷ་མོ་ནི། ཡབ་མདོ་ཁམས་དཔལ་རི་བོ་ཆེའི་རྗེ་དྲུང་བྱམས་པ་འབྱུང་གནས་དང་ཡུམ་ངོམ་ས་སྒང་སྡེ་པའི་ བུ་མོ་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་མེ་ལུག་ལོ་སྟེ་སྤྱི་ལོ་༡༩ ༠༧ལོར་རྗེ་དྲུང་འཁོར་བཅས་པདྨ་བཀོད་དུ་བཞུགས་སྐབས་
ལོ་དེར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་པདྨ་བཀོད་དུ་འཁྲུངས། རྗེ་དྲུང་པདྨ་བཀོད་ནས་རི་བོ་ཆེར་ཕྱིར་ཕེབས་པ་ དང་། སྲས་མོ་དབྱངས་ཅན་ལྷ་མོས་ཡབ་ཀྱི་མདུན་ནས་བོད་ཡིག་གི་རྨང་གཞི་འབྲི་ཀློག་ནས་རིམ་བཞིན་སུམ་རྟགས་དང་
སྙན་ངག་སོགས་སློབ་སྦྱོང་གནང་ཞིང་། དེ་ནས་གསོ་རིག་ལ་སློབ་སྦྱོང་གནང་སྐབས་ཆུ་ཚོད་རེ་གཉིས་ནང་དུ་སྨན་ གཞུང་ཤོག་དེབ་བཅོ་ལྔ་ཙམ་དག་སྐྱོར་གནང་ཐུབ་པ་སོགས་ཁྱད་འཕགས་ཀྱི་ཡོན་ཏན་དུ་མ་ལྡན། དབྱངས་ཅན་ལྷ་མོ་ དགུང་ལོ་བཅུ་གཅིག་སྐབས་ཡབ་རྗེ་དྲུང་བྱམས་པ་འབྱུང་གནས་བྱང་སྟག་རིང་དགོན་དུ་བཞུགས་དགོས་བྱུང་བ་རེད། དབྱངས་ཅན་ལྷ་མོ་དགུང་ལོ་བཅུ་གསུམ་ཙམ་ནས་སྨན་བཅོས་ཀྱི་ཕྱག་ལས་གནང་བས་སྨན་པ་བཟང་པོ་ཞེས་པ་བྱུང་། དེ་ནས་སྨན་རྩིས་ཁང་གི་མཁྱེན་རབ་ནོར་བུ་ཁོང་ལ་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱིས་མིག་འབྱེད་ཀྱི་ལག་རྩལ་བསླབ་ རོགས་ཞེས་རེ་ཞུས་མཛད་པ་བཞིན། དབྱངས་ཅན་ལྷ་མོ་སྨན་རྩིས་ཁང་དུ་ཕེབས་ནས་མིག་འབྱེད་ཀྱི་ལག་རྩལ་མཐར་ ཕྱིན་པ་བསླབས་ཏེ། ལྷ་ས་དང་། ཆབ་མདོ་སོགས་ནས་སྨན་བཅོས་ཀྱི་རིན་པ་མེད་པར་ཉམ་ཐག་ལོང་བ་མང་པོའི་མིག་ ཕྱེ་བ་དང་། དབུལ་ཕོངས་ནད་པ་རྣམས་ཀྱི་རླུང་བཅོས་འཚོ་བའི་ཟས་ཀྱང་གནང་། དེ་ལྟར་ལྷ་སར་བཞུགས་དུས་ཀྱང་ ཉམ་ཐག་ནད་པ་རྣམས་ལ་སྨན་བཅོས་ཙམ་མ་ཟད་འཚོ་བ་དང་གནས་ཁང་སོགས་རོགས་རམ་མཛད་པས་མང་ཚོགས་ རྣམས་ཀྱིས་དད་གུས་ཧ་ཅང་ཆེན་པོ་བྱས། ས་བྱི་ལོ་སྟེ་སྤྱི་ལོ་༡༩༤༨ལོར་འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་གི་ སྤྱན་ལོང་སྟབས་ལྷ་ས་ནས་མཁས་དབང་དབྱངས་ཅན་ལྷ་མོ་ཆེད་དུ་གདན་ཞུས་བྱས་ཏེ། འབྲུག་རྒྱལ་པོའི་སྤྱན་ཕྱེས་པ་ དང་། འབྲུག་ཡུལ་དུ་ཡུན་རིང་བཞུགས་ནས་འགྲོ་བ་ནད་པ་ཇི་སྙེད་ཅིག་སྨན་བཅོས་བྱས་པའི་གང་མང་ཞིག་ནད་ལས་ གྲོལ་བས་སྙན་གྲགས་ཀྱིས་ཁྱབ་པ་བྱུང་། དེ་ནས་ལྷ་སར་ཕྱིར་ལོག་གནང་རྗེས་ཆུ་འབྲུག་ལོར་མཁྱེན་རབ་ནོར་བུ་མཆོག་ གིས་མིག་འབྱེད་ལག་རྩལ་གྱི་སློབ་ཐོན་ཨང་དང་པོའི་ལག་ཁྱེར་གནང་བ་དང་། སྨན་པ་ངག་དབང་ཕུན་ཚོགས་དང་ མཉམ་དུ་སྟག་རྩེ་དང་། རྭ་སྒྲེང་། མལ་གྲོ། འབྲི་གུང་། ཟངས་རི་སོགས་རྫོང་ཁག་བཅོ་བརྒྱད་ཕལ་ཆེ་བར་མིག་ འབྱེད་དང་། སྨན་སྦྱིན་དུ་གཏོང་། དེ་ནས་ལོང་བ་སུམ་བརྒྱ་ལྷག་ཙམ་གྱི་མིག་ཕྱེ་བ་དང་། ས་གནས་སོ་སོའི་ནད་པ་ ཚང་མར་སྨན་བཅོས་ཕྱག་ལས་ཞིབ་ཚགས་གནང་། མེ་སྤྲེལ་ལོར་ཕ་ཡུལ་རི་བོ་ཆེར་ཐེངས་གཅིག་ཕེབས་སྐབས་ཀྱང་ ཆབ་མདོ་དང་། རི་བོ་ཆེར་བཞུགས་རིང་དང་། ཡར་མར་ཕེབས་ལམ་འཁེལ་སའི་ས་གནས་སོ་སོར་ཡང་མིག་འབྱེད་ དང་། སྨན་བཅོས་ཀྱི་ཕྱག་ལས་མཛད་པ་བཅས་ཀྱི་ཕྱོགས་གང་སར་གྲགས་པ་ཧ་ཅང་ཆེན་པོ་ཐོབ་ཡོད། ས་ཕག་ལོར་ སློབ་དཔོན་མཁྱེན་རབ་ནོར་བུ་དང་། ཀུན་དགའ་ཕུན་ཚོགས། དབྱངས་ཅན་ལྷ་མོ་བཅས་གཙོ་བོར་མཛད་ནས་སྔར་ བཞིན་སྨན་རྩིས་ཁང་དུ་ནད་པ་བལྟ་བའི་ལས་འགོ་བཙུགས། ལྕགས་གླང་ལོར་སྨན་རྩིས་ཁང་དུ་བུད་མེད་དང་ཕྲུ་གུའི་ སྡེ་ཁག་གི་འགན་བཞེས་ཏེ་ཕྱག་ལས་གནང་བས་བུད་མེད་དང་ཕྲུ་གུའི་ནད་པ་ལ་ཕན་འབྲས་ཆེན་པོར་ཕྱིན་ཏེ། བསྟེན་
མཁན་ཇེ་མང་དུ་སོང་། དེ་ནས་སློབ་དཔོན་མཁྱེན་རབ་ནོར་བུས་ཁོང་ལ་བུད་མེད་ཀྱི་སྨན་པ་གསོ་སྐྱོད་བྱེད་དགོས་པའི་ ཞལ་བསླབ་མཛད་པས། བརྒྱུད་འཛིན་གྱི་སློབ་མ་དུ་མ་གསོ་སྐྱོང་མཛད། དབྱངས་ཅན་ལྷ་མོས་བུད་མེད་ཀྱི་ནད་རིགས་ བཅོས་ཐབས་སྐོར་གྱི་ཉམས་ཡིག་རྩོམ་འབྲི་མཛད་པས་ཀུན་ཀྱི་བསྔགས་བརྗོད་ཆེན་པོར་ཐོབ། ཁོང་ནི་བོད་ཀྱི་གསོ་ རིག་གི་ལོ་རྒྱུས་ཐོག་ཏུ་མིག་ནད་གཤགས་བཅོས་དང་བུད་མེད་ཀྱི་སྨན་པ་གྲགས་ཆེ་བ་ཡིན། ཁོང་གི་བརྒྱུད་པ་ནི། ཁོང་ ལ་སྙན་ངག་སོགས་ལ་མཁས་པའི་སྲས་མོ་གསུམ་དང་། སྲས་པོ་གསོ་རིག་སོགས་ལ་མཁས་པ་འཇམ་དཔལ་ཀུན་ཁྱབ་ བཅས་བཞི་ཡོད་ཀྱང་། ད་ལྟ་འཚོ་བཞུགས་ཡོད་པ་ནི་ཆུང་བ་འཇམ་དཔལ་ཀུན་ཁྱབ་ཁོང་ད་ལོ་དགུང་ལོ་བདུན་ཅུ་དོན་ བདུན་ཡིན། མཁན་པོ་ཕུར་ཚེའམ་ཆོས་ཀྱི་གྲགས་པ་ནི། རི་བོ་ཆེའི་རྗེ་དྲུང་བྱམས་པ་འབྱུང་གནས་དང་འཕགས་མཆོག་ངག་དབང་ ཀུན་དགའ་རྣམ་རྒྱལ་སོགས་སློབ་དཔོན་དུ་བསྟེན་ནས། ཆོས་ལུགས་ཀྱི་སྐོར་དང་སྨན་རྩིས་སོགས་ལ་སྦྱང་པ་མཐར་ཕྱིན་ མཛད་དེ་རྗེ་དྲུང་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་མཛད། ཁོང་ནི་སྨན་རྩིས་སོགས་ལ་ཤིན་ཏུ་མཁས་པའི་ལོ་རེ་བཞིན་ ལོ་ཐོ་བསྡུས་པ་ཕབ་པ་དང་ནད་པ་བལྟ་བ་སོགས་སྨན་རྩིས་གཉིས་ཀྱི་མཛད་པ་ཕྲིན་ལས་བསྐྱངས། ཁོང་གི་བརྩམ་ཆོས་ རྩིས་འབྲས་རྒྱས་པ་དང་། གསོ་རིག་སྐོར་ལ་ཟིན་ཐུན་སུག་བྲིས་སུ་བགྱིས་པའི་ཉམས་ཡིག་སོགས་ཡོད། ཁོང་གི་སློབ་མ་ གསོ་རིག་ལ་མཁས་པ་ཚེ་སྟོབས་སོགས་ཡོད་དོ། སློབ་དཔོན་དཀོན་མཆོག་ནི། རི་བོ་ཆེའི་རྗེ་དྲུང་བྱམས་པ་འབྱུང་གནས་སོགས་སློབ་དཔོན་དུ་མ་བསྟེན་ནས་སྟག་ལུང་གི་ ཆོས་སྐོར་དང་གསོ་རིག་ལ་སྦྱང་པ་མཛད་དེ། རི་བོ་ཆེ་དགོན་པའི་སློབ་དཔོན་དུ་མཛད་པ་དང་། གསོ་རིག་གི་ཕྱོགས་ལ་ མཁས་པ་ཞིག་ཡིན་པས་སློབ་མ་ལ་ཡང་གསོ་རིག་ལ་ཤིན་ཏུ་མཁས་ཤིང་གཞན་ཕན་གྱི་བསམ་པ་དཀར་བ་སྨན་པ་བསོད་ ཉི་སོགས་ཡོད་དོ།
སྲས་སྤྲུལ་ལམ་ཀརྨ་མི་ཕམ་ནི། ཡབ་རི་བོ་ཆེའི་རྡོ་ཤུལ་སྟོད་ཀྱི་རུ་གསར་ཚང་དུ་མེ་སྟག་ལོ་སྟེ་སྤྱི་ལོ་༡༨༦༦ལོར་ འཁྲུངས་པའི་ཞབས་དྲུང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་ཚུལ་ཁྲིམས་དང་། ཡུམ་ནང་ཆེན་སྡོམ་པ་བཟའ་དཔའ་ མོ་གཉིས་ཀྱི་སྲས་སུ་རི་བོ་ཆེར་སྐུ་ཡི་མཚན་དཔེ་བཞད། མཁན་ཆེན་དྲི་མེད་འོད་ཟེར་སོགས་སློབ་དཔོན་དུ་མ་མདུན་ ནས་ཆོས་ལུགས་ཀྱི་སྐོར་དང་གསོ་རིག་སོགས་རིག་གཞུང་དུ་མ་སྦྱང་པ་མཐར་ཕྱིན་མཛད། ཁོང་གི་གསོ་སྐྱོང་མཛད་ པའི་སློབ་མ་ཞབས་དྲུང་སྐུ་ཕྲེང་བཞི་པ་འཇམ་དཔལ་འཇིགས་མེད་སྐལ་བཟང་སྙན་གྲགས་དང་། སྨན་རྩིས་མཁས་པ་
ཀུན་དགའ་ཚེ་དབང་། གསོ་རིག་ལ་མཁས་པ་ལྷ་སྲུང་སོགས་འགྲོ་བ་ནད་པའི་དོན་དུ་མི་ཚེ་གང་པོ་བསྐྱལ་བའི་གསོ་ རིག་མཁས་པ་དུ་མར་མཆིས། དེང་འདིར་གསོ་རིག་འཛིན་པའི་དཔོན་རྒན་རྣམས་ནི་ཁོང་རྣམ་པའི་སློབ་བརྒྱུད་ཡིན། སྤྱིར་དཔལ་རི་བོ་ཆེ་འདིར་གསོ་རིག་གི་ཕྱོགས་ལ་མཛད་འཕྲིན་ཅན་དུ་མ་བྱོན་ཡོད་པ་སྨོས་མ་དགོས་ཀྱང་འདིར་ཡོངས་ གྲགས་ཀྱི་མཁས་པ་དང་ཁུངས་ཐུབ་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་ནང་དུ་འཁོད་པ་ལས་བཀོད་མེད་པའོ།། གསུམ་པ་སྨན་རྫས་འབྱུང་ཁུངས་ཀྱི་སྐོར། སྤྱིར་མདོ་ཁམས་དཔལ་རི་བོ་ཆེ་འདི་ནི་སྨན་རྫས་ཀྱི་འབྱུང་ཁུངས་ཕུན་སུམ་ཚོགས་ས་ཞིག་ཡིན་ལ། བྱེ་བྲག་དཔལ་ ཆེན་རྒ་ལོས་མགོན་པོ་སྒྲུབ་པའི་གནས་ཀྱི་ངོ་སྤྲོད་མདོར་བསྡུས་བཤད་པ་ལ། དཔལ་ཆེན་རྒ་ལོ་ཆེན་པོ་མཐུ་སྟོབས་ དབང་ཕྱུག་ནི། དུས་རབས་བཅུ་གཅིག་པའི་སྨད་ཙམ་དུ་མདོ་སྨད་གཡར་མོ་ཐང་གི་ལྷོ་ཕྱོགས་ཙོང་ཁའི་ཐེའུ་ཆུང་ཞེས་ པར་སྐུ་འཁྲུངས། ཐོག་མར་དབུས་གཙང་དུ་ཕེབས་ནས་བཀའ་གདམས་པའི་བླ་མ་གླང་རི་ཐང་པ་སོགས་སློབ་དཔོན་དུ་ མ་བསྟེན། དེ་ནས་རྒྱ་གར་དུ་ཕེབས་ཏེ། བོད་ཀྱི་མི་ཉག་འགའི་ཡུལ་དུ་འཁྲུངས་ཏེ་གཞོན་ནུ་ནས་རྒྱ་གར་དུ་ཐོན་པའི་ མཁས་གྲུབ་ཆེན་པོ་ཙཱ་མི་སངས་རྒྱས་གྲགས་པ་ཞེས། རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་ཏུ་བཞུགས་པ་སོགས་མཁས་ གྲུབ་དུ་མའི་མདུན་ནས་དུས་འཁོར་དང་། བདེ་མཆོག་སོགས་མདོ་རྒྱུད་རིག་གནས་དང་བཅས་པ་གསན་བསམ་མཐར་ ཕྱིན་མཛད་ནས་རྒྱ་གར་གྱི་གནས་ཆེན་ཁག་ཏུ་སྒྲུབ་པ་མཛད་དེ་གྲུབ་པའི་གོ་འཕང་ཐོབ། དེ་ནས་བོད་ཡུལ་དུ་ཕྱིར་ ཕེབས་ནས་བོད་ཀྱི་གནས་ཆེན་དུ་མར་སྒྲུབ་པ་མཛད་པ་དང་། ཀརྨ་པ་དུས་གསུམ་མཁྱེན་པ་སོགས་མཁས་གྲུབ་དུ་མ་ གསོ་སྐྱོང་མཛད་པས་གྲུབ་ཐོབ་ཆེན་པོ་དཔལ་ཆེན་རྒ་ལོ་ཞེས་པའི་མཚན་སྙན་བོད་ཡུལ་ཀུན་ལ་རླུང་ལྟར་གྲགས་པ་བྱུང་ ངོ། དེ་ཡང་དཔལ་རི་བོ་ཆེན་པོའི་བྱང་ཕྱོགས་ན་ཡོད་པའི་གནས་ཆེན་རྒ་ལོའི་སྒྲུབ་ཕུག་ཅེས་ཡོངས་སུ་གྲགས་ པ་དེ་ཉིད་ནི། ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་རི་ཆེའི་རྒྱབ་ངོས་འཛི་ཆུ་ཁའི་བྱང་ངོས་དཔལ་ཆེན་རྒ་ལོ་མཁའ་སྤྱོད་ གཤེགས་པའི་གནས་གསུང་པ་བཞིན། རྒྱུད་ལས། རྒ་ལོ་པ་ཡིས་མགོན་པོ་སྒྲུབ་པའི་གནས། དུར་ཁྲོད་བསིལ་བའི་ ཚལ་དང་དབྱེར་མ་མཆིས། ཞེས་པ་འང་འདི་ན་ཡིན་ཏེ། དཔལ་ཆེན་ཧྥ་ལོ་དབྱི་ཤོད་རི་བོ་ཆེ་འདིར་ཕེབས་ཏེ། རི་བོ་ ཆེ་འདིར་ཡུན་རིང་བཞུགས་ནས་མགོན་པོ་སྒྲུབ་པ་དང་། ཕྱག་རྒྱ་ཆེན་པོ་ཉམས་སུ་བཞེས་ཏེ་མཁའ་སྤྱོད་ལ་གཤེགས་པའི་ གནས་དང་། བསྟོད་པ་འོག་མིན་མ་སོགས་མཛད་པའི་གནས་དེར་སྒོམ་ཁྲི་རང་བྱོན་དང་། ཆས་ཧོམ་ཁུང་སོགས་རང་ བྱོན། མ་ཧཱ་ཀཱ་ལའི་བླ་མཚོའམ་སྨན་ཆུ། དཔལ་ཆེན་རྒ་ལོ་ཆེན་པོ་ཉིད་གྲུབ་པའི་གོ་འཕང་བརྙེས་ཏེ། འོད་གསལ་ཕྱག་
རྒྱ་ཆེན་པོའི་ངང་ལ་ཆུ་ལ་ཆུ་བཞག་པ་ལྟར་གྱིས་ངང་ནས། འགྲོ་བའི་དོན་དུ་སྐུ་གསུམ་གྱི་སྤྲུལ་བསྒྱུར་རྒྱུན་མི་ཆད་པའི་ རྟགས་སུ་གསལ་ཁུང་གསུམ་ཟང་ཐལ་དུ་ཡོད་པ་དང་། ཟང་ཐལ་དུ་བྱོན་པའི་རྟགས་སུ་བྲག་ངོས་ལ་ཞབས་རྗེས་སོགས་ ངོ་མཚར་གྱི་མཚན་རྟགས་བསམ་ཡུལ་ལས་འདས་པ་ཤིན་ཏུ་མང་། ཚོགས་དང་འདྲ་བའི་ཅོང་ཞི་ས་ནས་སྐྱེས་འདྲ། གནམ་ནས་ཟགས་འདྲ་སོགས་ངོ་མཚར་བ་དུ་མ་ཡོད། སྒྲུབ་གནས་དེར་མགོན་པོ་ཕྱག་བཞི་པའི་ཞལ་དངོས་སུ་ གཟིགས་ཤིང་ཕྱག་བཞི་པའི་དོན་རྟགས་ཀྱི་བསྟོད་པ་འོག་མིན་མ་སོགས་གནས་དེ་ཉིད་དུ་མཛད་དོ། རི་བོ་དེའི་ཁོར་ ཡུག་ཀུན་ཏུ་ལྡུམ་སྨན་དང་། ས་སྨན། རྡོ་སྨན། ཤིང་སྨན། སྨན་ཆུ་སོགས་སྨན་སྣ་དུ་མ་ཡོད་དེ། ལྷག་པར་དུ་བྲམ་ཟེ་ སྐྱེ་བདུན་གྱི་སྐུ་ཤ་ཡིན་ཟེར་བའི་ས་ལྕགས་དང་། ཅོང་ཞི་ས་ནས་སྐྱེས་འདྲ། གནམ་ནས་ཟགས་འདྲ་གསུང་པ་བཞིན་ གཅོང་ཞི་རིགས་ལྔ་དང་། སྒྲུབ་ཕུག་ནང་དུ་སྨན་ཆུ་རིག་ལྔ་ནི་ཅོང་ཞི་རིགས་ལྔ་ལས་འབྱུང་ཞེས་པ་ལྟར། སྟེང་འོག་ ཕྱོགས་མཚམས་ཅོང་ཞིའི་ནང་དུ་སྨན་ཆུ་རོ་ཅུང་སྒྱུར་ཞད་ལ་ངོ་བོ་ཡང་ཞིང་། འཐུང་ན་སྐྱུག་པར་བྱེད་པའི་འདུས་ནད་ དང་། གཙོ་བོ་བད་ཀན་དང་ཕོ་བའི་ནད། གཅོང་ནད་སོགས་སེལ་བའི་སྨན་ཆུ་མཆོག་དང་། གནས་དེར་རྡོ་ལ་སྐྱེས་པ་ དང་སྤང་དུ་སྐྱེས་པའི་སྔོ་སྨན་གྱི་རིགས་དུ་མ་སྐྱེས་ཤིང་། སྐྱེས་ཁམས་འཁོར་ཡུག་གཙང་ལ་ཉམས་དགའ་བའི་གནས་ངོ་ མཚར་ཅན། རྒྱུད་ལས། སྐྱེས་ས་ས་གཙང་ཉམས་དགའ་བུདྡྷས་བཅགས། །བཀྲ་ཤིས་ཡོན་ཏན་ལྡན་ཞིང་ས་གཞི་གཤིན་ ཞེས་པ་བཞིན་ནོ། གཞན་ཡང་རྒྱ་གར་གྱི་གྲུབ་ཆེན་ཛྷཱ་ན་ཏ་པ་ཞབས་ཀྱིས་བཅགས་པའི་སརྦ་ནང་གི་ཤར་ལྷོའི་ ཕྱོགས་ཀྱི་ཛྙཱ་ན་སྒྲུབ་ཕུག་ནང་དུ། གྲུབ་ཆེན་མཆོག་གི་མདུན་ནས་སངས་རྒྱས་དབོན་གྱིས་བླ་སློབ་ཚུལ་དུ་དགྱེས་རྡོར་ སོགས་གསན་ཞུས་མཛད་པའི་གནས་དེར། ཛཱ་ནའི་ཕྱག་ཕྲེང་ཞེས་པའི་སྨན་རྡོ་བ་ནུ་དང་། གངས་ཐིགས། སྟར་བུ་སོགས་ སྐྱེས་སར་སྐྱེས་པའི་ནུས་པ་ཁྱད་དུ་འཕགས་པ་དུ་མ་ཡོད། སྤྱིར་རི་བོ་ཆེ་འདིར་རྟ་ཤོད་ཟ་མ་རི་བརྒྱུད་ལ་དེའུ་དམར་ རིན་པོ་ཆེ་གསུང་པ་བཞིན་རྡོ་ཀླད་དང་རྡོ་རྒྱུས་སོགས་དང་། ཇོ་བོ་གཟེ་རྒྱལ། ལྷོ་ཡི་དམག་དཔོན་དབྱི་རྒྱལ། དཔལ་ རི་བོ་ཆེ། སྤོམ་ནེ། ཡེ་རྒྱལ་ནམ་མཁའ་མཛོད་སོགས་གནས་རི་དུ་མ་ལ། ཅོང་ཞི་དང་། གངས་ཐིགས། རྡོ་རྒྱུས། བ་ནུ། གསེར་རྡོ། ལྕགས་རྡོ། ཞན་ཇོ་སོགས་རྡོའི་སྨན། ས་མྱགས་དང་། སིནྡྷ་ར། བཙག ཅུ་གང་སོགས་ས་ཡི་ སྨན། ཤུག་པ་དང་། སྲིན་ཤིང་སྣ་མ། ཀཎྜ་ཀ་རི། སོགས་ཤིང་གི་སྨན། ཏིག་ཏ་དང་། བ་ཤ་ཀ་སོགས་སྡུམ་བུ་ཐད་ སྨན། ཧོང་ལེན་དང་། བོང་དཀར། བྱ་རྒོད་སྤོས། གཡའ་སྐྱི། གང་ག་ཆུང་སོགས་སྔོ་ཡི་སྨན་བཅས་སྨན་རྫས་ཀྱི་ རིགས་ཕུན་སུམ་ཚོགས་པ་ཡོད། གཞན་ཡང་རི་བོ་ཆེ་འདིར་ཤ་བ་སེར་ཆེན་དང་། གླུ་བ་སོགས་སྨན་བཟང་པོ་ཡོད་པའི་
སྲོག་ཆགས། རྩ་དྭ་བྱིད་དང་། ཆུ་དྭ་བྱིད། རྡོ་དྭ་བྱིད་སོགས་བཅུད་ལེན་གྱི་སྨན། རི་བོ་ཆེའི་སྐྱབས་མགོན་གསུམ་གྱི་ གསོལ་རྒྱུའི་ཆུ་ལ་ད་ལྟ་ཡང་གསོལ་ཆུ་ཞེས་པ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དུ་མ་དང་། དཔལ་རི་བོ་ཆེན་པོའི་ ཤར་དུ་སར་ཆུ་ཚན་དང་། ལྷོར་ལྡིག་ཆུ་ཚན། ནུབ་ཏུ་སྤྲེལ་དུ་ཆུ་ཚན། བྱང་དུ་གཡས་རུ་ཆུ་ཚན་སོགས་རང་བྱུང་གི་ཆུ་ ཚན་དུ་མ་ཡོད། དཔལ་རི་བོ་ཆེ་འདི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་པའི་གནས་ དང་ཁྱད་པར་དུ་མཁས་གྲུབ་དུ་མ་ཞབས་ཀྱིས་བཅགས་པའི་ཡུལ། ས་གཙང་ཆུ་དྭངས་ཀྱི་མཁའ་དབུགས་གཙང་ལ། སྐྱེས་ ཁམས་ཕུན་སུམ་ཚོགས་ས་ཞིག་ཡིན། དཔལ་ལྡན་ཕྱི་མ་རྒྱུད་ལས། སྐྱེས་ས་ས་གཙང་ཉམས་དགའ་བུདྡྷས་བཅགས། ། བཀྲ་ཤིས་ཡོན་ཏན་ལྡན་ཞིང་ས་གཞི་གཤིན། ། ཞེས་པ་ལྟར། རི་བོ་ཆེ་འདི་ནི་བོད་ཀྱི་གསོ་རིག་ནང་གི་སྨན་སྦྱོར་དུ་སྤྱོད་ རྒྱུའི་སྨན་རྫས་ཀྱི་འབྱུང་ཁུངས་ཤིན་ཏུ་བཟང་བའོ། །
གངས་ཅན་གསོ་རིག་དབྱི་ཤོད་དཔལ་དུ་བཀོད། ། གང་གི་མཛད་འཕྲིན་ངོ་མཚར་ཕུང་པོ་ལས། ། ཕུལ་བྱུང་ཆ་ཤས་ཙམ་ཞིག་བརྗོད་པའི་དགེས། ། འགྲོ་ཀུན་བདེ་ཞིང་གསོ་རིག་རབ་རྒྱས་ཤོག ། ཅེས་དཔལ་རི་བོ་ཆེའི་གསོ་རིག་གི་བྱུང་བ་ཅུང་ཙམ་བརྗོད་པ་འདི། རབ་བྱུང་བཅུ་བདུན་པ་ཀུན་ལྡན་ཞེས་པའི་ལོར་ དཔལ་རི་བོ་ཆེའི་སྨན་རྩིས་ཀྱི་མིང་འཛིན་པ་རྡོར་རྒྱལ་གྱིས་ལེགས་པར་སྦྱར་བ་དགེའོ།། །།