ཇོ་བོ་གཟེ་རྒྱལ་གྱི་གནས་ཀྱི་རྟོགས་པ་བརྗོད་པ།

2016-07-20 ཆབ་རྒྱལ་སྲས།

 ༄༅། །དཔལ་ཇོ་བོ་གཟེ་རྒྱལ་གྱི་གནས་ཀྱི་རྟོགས་པ་བརྗོད་པ་ཡིད་འཕྲོག་དྲི་ཟའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

ཡིག་འབྲི་བ། ཕན་ཤུལ་འཆི་མེད་དབང་འདུས།

ན་མོ་གུ་རུ་པད་མ་སམ་བྷ་ཝ།

སྣང་མཐའི་ཐུགས་སྲོག་ཧྲཱིཿཡིག་ཞུ་བའི་ཁམས།།
ལྷོ་ནུབ་འོ་མའི་གླིང་དུ་བལྟམས་པའི་འཕྲུལ།།
རྒྱལ་ཀུན་གསང་གསུམ་མཚན་དཔེའི་ཟླ་གཞོན་དུ།།
སྣང་མཛད་མཚོ་སྐྱེས་བླ་མས་བདག་སོགས་སྐྱོངས།།

བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་དབྱངས་སྙན་པོ།།
བཻཌཱུར་རྒྱུད་མང་སྐུད་པར་འདྲེན་པའི་གླུས།།
ཟབ་མོའི་དེ་ཉིད་སྟོན་མཁས་མཛའ་ན་མོ།།
མཚོ་བྱུང་ལྷ་ཁྱོད་བདག་མགྲིན་ཁབ་ཏུ་རོལ།།

རང་བྱུང་ཆུ་ཤེལ་ནོར་བུས་མཛེས་པ་ཡི།།
མངོན་དགའི་ཞིང་མཚུངས་གཟེ་རྒྱལ་གངས་ཀྱི་རིའི།།
ཁྱད་འཕགས་ཡོན་ཏན་སྨྲ་བའི་ལྕེ་རྩེ་འདི།།
མི་ངལ་གསུང་གི་རྡོ་རྗེར་བྱིན་གྱིས་རློབས།།

ཨེ་མ་དངོས་གྲུབ་རྣམ་གཉིས་ཆར་བཞིན་དུ།།
སྐལ་ལྡན་དད་པའི་ཞིང་སར་འཇོ་མཛད་པའི།།
གནས་གསུམ་མ་དང་མཁའ་འགྲོའི་ཚོགས་རྣམས་ཀྱིས།།
རྟོགས་བརྗོད་རོལ་མོ་འཁྲོལ་ལ་གནང་བ་སྩོལ།།

ཁ་བའི་འདབ་མ་ལྷུན་པོར་སྤུངས་པའི་གཟིས།།
ཕྱོགས་ཀྱི་འཁོར་ལོ་འོད་དུ་དཀྲིགས་པའི་དཔལ།།
མི་མཇེད་འཇིག་རྟེན་མཛེས་པའི་དྭངས་མ་རུ།།
ལྷམ་མེར་གསལ་བའི་མ་ཡོ་གངས་ཀྱི་རི།།

དངུལ་མདོག་ཁ་བའི་འདབ་མ་རེ་རེར་ཡང་།།
རྡུལ་སྙེད་ཞིང་གི་བཀོད་པ་ཀུན་ཚང་བས།།
སུ་ཞིག་དད་ཅིང་གནས་འདིར་ལྷགས་ན་ཡང་།།
རྩ་གསུམ་ལྷ་ཡི་བྱིན་རླབས་འདོད་དགུར་འཇོ།།

ཕྱི་ལྟར་ལྷུན་པོ་རྩེ་གསུམ་ཤེལ་གྱི་མདོག
ནང་དུ་མཆོད་རྟེན་བཀྲ་ཤིས་འོད་ལྡན་ཆེ།།
གསང་བ་གནས་ཡུལ་ཉེར་བཞིའི་གཙོ་བོ་སྟེ།།
དག་པ་ཤེལ་རིའི་མཚན་སྙན་ས་གསུམ་རྒྱན།།

པདྨའི་ཟབ་གཏེར་བཅུད་ཀྱིས་གཏམས་པའི་དཔལ།།
རྩ་གསུམ་ལྷ་ཡི་བྱིན་རླབས་འཁྱིལ་བའི་གནས།།
རིག་འཛིན་གྲུབ་ཐོབ་བཞུགས་པའི་ངོ་མཚར་ཞིང་།།
སྐྱེ་རྒུའི་དད་གསུམ་འཕྱུར་བའི་རྟེན་དུ་གྲུབ།།

རང་བྱུང་མཆོད་རྟེན་ཆུ་ཤེལ་མདོག་ཅན་གྱི།།
དབྱིབས་དང་བཀོད་པ་ལྷ་ཡི་གཞལ་མེད་ཁང་།།
སངས་རྒྱས་སྟོང་སོགས་རྒྱལ་བ་སྲས་བཅས་ཀྱི།།
མཛད་པ་ཕྲིན་ལས་འོད་དང་ཟེར་དུ་འཕྲོ།།

མ་བཀོད་ཞིང་ཁམས་སྣ་ཚོགས་ལྷུན་གྱིས་གྲུབ།།
མ་བཞེངས་སྐུ་གསུང་ཐུགས་རྟེན་རང་བྱོན་ཤར།།
མ་འབད་འདོད་དགུའི་སྦྲང་ཆར་ཟིམ་བུར་འཇོ།།
མ་བརྩེགས་དངུལ་མདོག་ཁང་བཟང་ཡི་གར་འོང་།།

ཕོ་བྲང་གླིང་དགུར་གསལ་བའི་ཤར་ངོས་སུ།།
ཅོང་ཞིའི་བྲག་རི་མི་རིང་ལངས་འདྲའི་གོང་།།
ཆུ་མིག་རྡོ་རྗེའི་རིས་སུ་བཀྲ་བའི་ཁྲོད།།
ཀླུ་བདུད་རྡོ་རྗེ་ཞེས་བྱའི་རྩྭ་མཆོག་ཡོད།།

དེ་ཡི་མེ་ཏོག་གཡུ་ཡི་དྲིལ་བུ་བཞིན།།
ལོ་མ་རྒྱ་དར་འབྲས་བུ་བྲ་བོའི་ཚུལ།།
ཚིགས་པ་མདའ་སྨྱུག་རྩ་བ་ལ་ཕུད་འདྲ།།
དྲི་མ་ནས་ཡོས་བྲོ་བ་རྒྱ་ཚའི་ཟླ།། 

དུས་བཞིར་ཁ་ཕྱོགས་རེས་མོས་བརྗེ་ཞིང་ཤར།།
མཚན་མོར་མེ་འབར་ཉིན་མོ་དུ་བ་འཐུལ།།
རྟག་ཏུ་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན།།
གཡས་གཡོན་འཇའ་དང་འོད་ཀྱི་གུར་ཁང་ཕུབ།།

མཐོང་བ་དོན་ལྡན་མེ་ཏོག་དེས་བསྐྱེད་པའི།།
འགྲོ་རྣམས་བྱང་ཆུབ་ཆེན་པོར་གཞོལ་གྱུརད་ཅིང་།།
གནས་སྐབས་མི་མཐུན་རྐྱེན་ལས་རྒྱལ་འགྱུར་ཞེས།།
པདྨའི་ཞལ་གསུང་བསླུ་མེད་རྡོ་རྗེའི་ཚིག།

གངས་དཀར་ཤེལ་གྱི་མཆོད་རྟེན་མཛེས་པ་ཡི།།
ཤར་ཕྱོགས་སངས་རྒྱས་སྟོང་སྐུའི་ལྷ་ཚོགས་བཞུགས།།
མངོན་འཚང་རྒྱ་བའི་འདུན་པ་མ་ནོར་བར།།
གསོལ་འདེབས་སྨོན་ལམ་དད་གསུམ་དབྱངས་ཀྱིས་སྐུལ།།

ལྷོ་རུ་བཻ་ཌཱུར་ཡ་འོད་བཀོད་པའི་ཞིང་།།
སྨན་གྱི་བླ་མའི་དཀྱིལ་འཁོར་ལྟ་ན་སྡུག།
དད་དང་མོས་པས་རྒྱུན་དུ་བསྐོར་གྱུར་ན།།
བཞི་བརྒྱ་རྩ་བཞིའི་ནད་ལས་གྲོལ་བར་གསུངས།།

ནུབ་ན་རྒྱལ་བ་ཚེ་མཐའ་ཡས་པ་སོགས།།
སངས་རྒྱས་བྱང་སེམས་དཔག་མེད་སྤྲིན་ལྟར་གཏིབས།།
ཚེ་ཡི་དངོས་གྲུབ་ཆར་དུ་འཇོ་བའི་གནས།།
གཟེ་རྒྱལ་གངས་འདི་བདེ་ཆེན་དག་པའི་ཞིང་།།

བྱང་ཕྱོགས་ས་བཅུའི་དབང་ཕྱུག་བྱམས་པ་མགོན།།
འཁོར་དུ་རྒྱལ་སྲས་བྱང་སེམས་ཚོགས་ཀྱིས་བསྐོར།།
ཐེག་ཆེན་ཆོས་སྒྲ་རྟག་ཏུ་སྒྲོག་པའི་གནས།།
ཡིད་དགའ་ཆོས་འཛིན་མདོ་ཁམས་དཔལ་དུ་གྲུབ།།

ཤར་ལྷོར་ཛམྦྷ་ལ་སོགས་ནོར་ལྷའི་རིགས།།
པདྨའི་ཚལ་དུ་བུང་བ་འཁོར་བ་བཞིན།།
མི་ཟད་འདོད་དགུའི་ཕྱྭ་གཡང་ཀུན་འཁྱིལ་བས།།
མིག་སྐྱའི་གན་མཛོད་འདི་ལས་གཉིས་པ་མེད།།

ལྷོ་ནུབ་མཁའ་འགྲོ་བཛྲ་ཝཱ་ར་ཧིའི།།
གནས་ཡུལ་ཞིང་གི་ཡོན་ཏན་ལྷུན་རྫོགས་པས།།
སྲོག་རྩོལ་དབུ་མར་ཞུགས་པའི་ལས་བརྩམས་ན།
ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ།།

ནུབ་བྱང་ལྷ་ཆེན་མ་ཧཱ་དྷེ་བ་ཡི།།
གནས་ཀྱི་བཀོད་པར་མཇལ་བའི་ཡོན་ཏན་གྱིས།།
དབང་སྡུད་ཁྱེའུ་ཆུང་འཁྲུངས་ཤིང་བུ་ནོར་འཛོམས།།
འདི་བས་ལྷག་པའི་དབྱིག་གི་བང་མཛོད་མེད།། 

 བྱང་ཤར་ཤན་པ་དམར་ནག་འགྱིང་ཚུལ་ལྡན།།
མཐུ་རྩལ་ཆེ་བ་གློག་འོད་ཟེགས་མའི་སྤུན།།
ཕྲིན་ལས་བཅོལ་ན་རྣམ་བཞིའི་དོན་ཀུན་སྒྲུབ།།
དཔེར་ན་མ་དང་བུ་བཞིན་འབྲལ་མེད་སྐྱོང་།།

ཕྱི་ནང་བར་དང་རྩེ་ཡི་སྐོར་ལམ་གྱི།།
ངོ་མཚར་དཀྱིལ་འཁོར་རེ་རེའི་མུ་ཁྱུད་དུ།།
ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་ཡི།།
ཡོན་ཏན་ཀུན་ཚང་བླ་མེད་བྱང་ཆུབ་རྒྱན།།

འཕགས་བོད་པཎ་གྲུབ་ས་ཐོབ་བྱང་སེམས་རིགས།།
ཀུན་ཀྱང་སྣ་ཚོགས་ཆོས་ཀྱི་བགྲོ་གླེང་བཅས།།
གནས་འདིར་གཏན་དུ་བཞུགས་པའི་ངོ་མཚར་འབུམ།།
མཇལ་བའི་སླད་དུ་དཀར་ཕྱོགས་ལྷ་ཡང་བྲེལ།།

མདོར་ན་ཐེག་པ་རིམ་དགུའི་ལྷ་ཚོགས་དང་།།
རྒྱུད་སྡེ་བཞི་དྲུག་མཁའ་འགྲོ་ཆོས་སྐྱོང་བཅས།།
ཉི་མའི་འོད་དང་འཇའ་ཡི་ཟེར་ཕྲེང་བཞིན།།
གནས་འདིར་བྱིན་རླབས་སྤྲིན་ཕུང་གཏིབ་བཞིན་བཞུགས།།

སྨན་རྣམས་བདུད་རྩིའི་བསུང་ཞིམ་ཕྱོགས་སུ་ལྡང་།།
འགྲོ་རྣམས་རྣམ་དཀར་དགེ་བའི་འོད་སྣང་བཏུང་།།
ལྷ་རྣམས་མཆོད་པའི་སྤྲིན་ཕུང་ཆར་དུ་འཇོ།།
འདི་ནི་ས་ལ་སྤྱོད་པའི་འོག་མིན་ཞིང་།།

དེ་སོགས་ཐུན་མིན་གནས་འདིའི་ཡོན་ཏན་ཀུན།།
གསུང་གི་དབང་ཕྱུག་སྨྲ་བའི་ལྷ་དེས་ཀྱང་།།
ཚུལ་བཞིན་བརྗོད་ལ་རྡོ་རྗེའི་ལྗགས་རྡུགས་ན།།
སྐལ་དམན་བདག་འདྲའི་མགྲིན་པ་ལོས་ཀྱང་ངལ།།

འོན་ཏང་རྒྱ་མཚོ་ཆེ་ལས་ཆུ་ཐིགས་བཞིན།།
བདག་བློ་ཀུ་ཤའི་རྩེ་མོས་རེག་གྱུར་པའི།།
ངོ་མཚར་རྟོགས་བརྗོད་ཡིད་འཕྲོག་དྲི་ཟའི་གླུ།།
ངག་རིག་ཏམ་བུ་ར་ཡི་སྐད་ཀྱིས་སྦྲེང་།།

མ་ཚང་འགལ་བར་བཟླས་སོགས་ནོངས་པའི་དྲི།།
གང་མཆིས་ཚེ་རབས་དུ་མའི་སྡིག་ལྟུང་བཅས།།
ལྷ་དང་བླ་མར་སྙིང་ནས་འཆགས་ལགས་ན།།
དག་ཅིང་ཚངས་པའི་དབུགས་དབྱུང་བསྩལ་དུ་གསོལ།།

འདིར་འབད་རྣམ་དཀར་ཟླ་བའི་མདངས་མཚུངས་པའི།།
ལེགས་བྱས་འོད་སྣང་ཡར་ངོའི་དཔལ་ཡོན་གྱིས།།
དུས་ཀྱི་རྨོངས་མུན་གཏན་དུ་བསྙིལ་བྱས་ཏེ།།
འགྲོ་ཀུན་བྱང་ཆུབ་གླིང་དུ་རྩེན་གྱུར་ཅིག།

ཅེས་དཔལ་གྱི་ཙཱ་རི་ཏྲ་ཇོ་བོ་གཟེ་རྒྱལ་གྱི་གནས་ཀྱི་རྟོགས་པ་བརྗོད་པ་འདི་འདྲ་ཞིག་སྔ་མོ་ནས་བྲི་འདུན་ཡོད་པའི་ཁར།  ཡུལ་གྲོགས་འགས་ཀྱང་བསྐུལ་མ་གནང་ན་ཡང་རང་ཉིད་སྙོམས་ལས་ཆེ་བའི་རྐྱེན་གྱིས་རེ་ཞིག་ནར་འགྱང་དུ་ལུས་སོང་།  འོན་ཀྱང་ཉེ་བའི་ཆར་སླར་ཡང་ཁོ་བོའི་གཅུང་པོ་ནམ་མཁའ་འཇིགས་མེད་ནས་ནན་ཆེར་བསྐུལ་ངོར།  གནས་ཆེན་འདི་ཉིད་ཀྱི་ཉེ་འདབས་སུ་དལ་བའི་རྟེན་བཟང་ཐོབ་ཅིང་།  ཡུལ་གངས་ལྗོངས་ཀྱི་སྙན་ངག་མཁན་ཀུན་གྱི་གྲལ་མཐའ་རུ་བཙན་གྱིས་འཚངས་བའི་གྱི་ན་བ།  ཕན་ཤུལ་འཆི་མེད་དབང་འདུས་ནས་བོད་ཤིང་ལུག་ལོའི་ནག་ཟླའི་དམར་ཕྱོགས་བཟང་བ་དང་པོར་༼༢༠༡༥ ༥ ༨༽སྦྱར་བ་དགེ་ལེགས་འཕེལ།

This Post Has One Comment

དཔྱད་མཆན་སྤེལ།

Close Menu