བྱ་ཚིག་སྐོར་ལ་དཔྱད་པ་སྐྱ་རེངས་དང་པོའི་སྣང་བ།

༄༅།།བྱ་ཚིག་སྐོར་ལ་དཔྱད་པ་སྐྱ་རེངས་དང་པོའི་སྣང་བ།

 རྩོམ་པ་པོ།  གངས་ཆུ་ཐིགས།(རི་བོ་ཆེ) 

    འདི་ལ་བྱ་ཚིག་གི་རྣམ་གཞག་སྤྱིར་བཤད་པ་དང་།བྱ་བྱེད་ཐ་དད་མིན་སོགས་ཀྱི་སྐོར་ལ་མཁས་པ་གཞན་གྱི་འདོད་ཚུལ་བཀོད་ཅིང་དེ་ལ་དོགས་པ་སློང་བ་དང་།དེ་དག་གི་སྐོར་ལ་རང་གི་བསམ་ཚུལ་བརྗོད་པ་དང་གསུམ་གྱིས་གཏན་ལ་འབེབས་པར་འདོད་དོ།།

དང་པོ། བྱ་ཚིག་གི་རྣམ་གཞག་སྤྱིར་བཤད་པ་ནི། དེ་ཡང་ཐོག་མར་བྱ་ཚིག་འདི་ཉིད་གང་ལ་བལྟོས་སའམ་གང་ལས་འབྱུང་སའི་གཞི་ལྟ་བུར་གྱུར་པ་བྱ་བྱེད་ལས་གསུམ་གྱི་གོ་དོན་ཅུང་ཟད་གླེང་ན། བྱ༽སྐབས་འདིར་བྱ་ཞེས་པ་ནི་བྱ་བ་རང་སྟེ། དེ་ཡང་སྤྱིར་བྱ་བ་ཞེས་པ་དེ་བྱེད་པོ་དང་བྱེད་པ་གང་རུང་ལ་ཡོད་པའི་བྱ་བ་དང་། ལས་ཀྱི་དངོས་པོའམ་བྱ་ཡུལ་ལ་ཡོད་པའི་བྱ་བ་གཉིས་ཚོགས་ཅན་དེ་ལ་གོ་དགོས། འོན་ཀྱང་བྱ་ཚིག་བེད་སྤྱོད་སྟངས་ཀྱི་དབང་གིས་སྐབས་འགར་བྱེད་པོ་དང་བྱེད་པ་གང་རུང་ལ་ཡོད་པའི་བྱ་བ་སྟེ་བྱེད་ལས་སྟོན་པ་དང་། སྐབས་འགར་ལས་ཀྱི་དངོས་པོའམ་བྱ་ཡུལ་ལ་ཡོད་པའི་བྱ་བའམ་བྱ་ལས་སྟོན་པ། ཡང་སྐབས་རེར་བྱ་བྱེད་ཐ་མི་དད་པའི་སྐབས་ཀྱི་བྱ་བ་ཙམ་སྟོན་གྱིན་ཡོད་པ་ཡང་སྐབས་ཐོབ་ཀྱི་དཔེར་བརྗོད་ལས་ཤེས་དགོས། དེ་ཡང་དཔེར་ན། འདིར་ཤིང་མཁན་གྱིས་ཤིང་གཅོད་ལྟ་བུ་ལ་མཚོན་ན།གཅོད་ཅེས་པའི་ཚིག་འདི་བྱ་བ་སྟོན་པའི་ཚིག་ཡིན་ལ།འདིས་ནི་བྱེད་པོ་དང་བྱེད་པའི་ཐོག་གི་བྱ་བའམ་གཡོ་རྩོལ་གྱི་ཆ་དེ་སྟོན་གྱིན་ཡོད་པས་ན་གཙོ་བོ་བྱེད་ལས་སྟོན་གྱིན་ཡོད་ཟེར་ཆོག་པ་རེད།

    བྱེད༽བྱེད་ཅེས་པ་ནི་བྱེད་པ་པོ་དང་བྱེད་པ་ལ་གོ་དགོས་པ་རེད། དེ་ཡང་དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་ལྟ་བུ་ལ་མཚོན་ན། ཤིང་མཁན་བྱེད་པ་པོ་དང་སྟ་རེ་བྱེད་པ། ཡང་ན་ཤིང་མཁན་བྱེད་པ་པོ་གཙོ་བོ་དང་། སྟ་རེ་བྱེད་པ་པོ་ཕལ་པ་ཡིན་གསུང་མཁན་ཡང་ཡོད། དེས་ན་བྱེད་པ་པོ་གཙོ་བོ་དང་བྱེད་པ་པོ་དང་བྱེད་པོ་རྣམས་དོན་གཅིག། དེ་བཞིན་བྱེད་པ་པོ་ཕལ་པ་དང་བྱེད་པ་དོན་གཅིག་ཡིན་པར་ཤེས་དགོས། 

    ལས༽ལས་ཞེས་པ་ནི་ལས་ཀྱི་དངོས་པོ་སྟེ། ཤིང་མཁན་གྱིས་ཤིང་གཅོད་ཅེས་པའི་སྐབས་ཀྱི་ཤིང་དེ་ཉིད་ལས་ཀྱི་དངོས་པོ་ཡིན་ལ། རྟགས་འཇུག་སྐབས་སུ་བྱ་བའི་ཡུལ་ཞེས་པ་ཡང་ལས་ཀྱི་དངོས་པོ་དེ་རང་ལ་གོ་དགོས་པ་རེད། 

 དེ་ཡང་སྤྱིར་བྱ་ཚིག་ཅེས་པ་འདི་གཙོ་བོ་བྱ་བྱེད་ལས་གསུམ་ནང་གི་བྱ་བ་དེ་ཉིད་སྟོན་བྱེད་ཀྱི་ཚིག་ཡིན་པས་ན་བྱ་ཚིག་ཅེས་བརྗོད་པ་ཡིན་ལ། བྱེ་བྲག་ཏུ་སྐབས་ཀྱི་བྱེད་པ་པོ་དང་བྱེད་པ་གང་རུང་དེ། བྱ་ཡུལ་ལམ་ལས་ཀྱི་དངོས་པོ་དང་ཕན་ཚུན་ཐ་དད་དུ་གྲུབ་མིན་ལ་ལྟོས་ཏེ་བྱ་བྱེད་ཐ་དད་པ་དང་། བྱ་བྱེད་ཐ་མི་དད་པ། དེ་བཞིན་བྱ་བ་རང་ངོས་ནས་བྱེད་པོ་དང་བྱེད་པ་གང་རུང་གིས་བྱ་ཡུལ་ལ་ཕར་བྱས་པའི་བྱ་བ་ཡིན་མིན་ལ་ལྟོས་ཏེ་བྱེད་འབྲེལ་ལས་ཚིག་དང་། བྱེད་མེད་ལས་ཚིག་བཅས་ཀྱི་རྣམ་གཞག་ཡོད་ལ།འདི་དག་གི་སྐོར་ཞིབ་པར་འོག་ཏུ་འཆད་རྒྱུ་ཡིན།

གཉིས་པ། བྱ་བྱེད་ཐ་དད་མིན་སོགས་ཀྱི་སྐོར་ལ་མཁས་པ་གཞན་གྱི་འདོད་ཚུལ་བཀོད་ཅིང་དེ་ལ་དོགས་པ་སློང་བ་ནི། 

འདིའི་སྐོར་དེ་སྔོན་མཁས་པ་ཕལ་ཆེར་གྱིས་བྱ་བྱེད་ཐ་དད་པ་དང་། བྱ་བྱེད་ཐ་མི་དད་པ།བྱེད་འབྲེལ་ལས་ཚིག་དང་། བྱེད་མེད་ལས་ཚིག་བཅས་པའི་བྱ་ཚིག་ཐམས་ཅད་དབྱེ་སྒོ་གཅིག་དང་དབྱེ་བ་གཉིས་ཀྱིས་འཐུས་པར་བྱས་འདུག། དེ་ཡང་ཇི་ལྟར་ཞེ་ན། དབྱེ་སྒོ། བྱ་བྱེད་ཐ་དད་ཡིན་མིན་གྱི་དབྱེ་སྒོ་དེ་རང་ལ་བྱེད་པའི་དབང་དུ་བཏང་ན། དབྱེ་བ། བྱ་བྱེད་ཐ་དད་པའི་བྱ་ཚིག་དང་། བྱ་བྱེད་ཐ་མི་དད་པའི་བྱ་ཚིག་གཉིས་སུ་ཕྱེ་ཞིང་། དེ་ལས་བྱ་བྱེད་ཐ་དད་པ་དང་བྱེད་འབྲེལ་ལས་ཚིག་དོན་གཅིག། བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་དོན་གཅིག་ཏུ་བཞེད་ཀྱིན་ཡོད་མོད། འདིར་ཅུང་ཟད་ཞིབ་ཆ་མ་མཛད་པའི་རྐྱེན་གྱིས་དཔེར་བརྗོད་སྐབས་སུ་ཕན་ཚུན་འཛིངས་པ་ལྟར་སྣང་ཞིང་རང་གིས་འཆད་དཀའ་བ་དང་། གཞན་ལ་ཡང་གོ་བརྡ་འཕྲོད་དཀའ་བར་བྱས་འདུག་སྙམ། 

    དེ་ཡང་སྤྱིར་བྱ་བྱེད་ཐ་དད་མི་དད་ཀྱི་དོན་ནི། བྱ་ཚིག་གང་ཞིག་ལ་སྐབས་ཀྱི་བྱེད་པོ་དང་བྱེད་པ་གང་རུང་དེ། ལས་ཀྱི་དངོས་པོ་དང་ཕན་ཚུན་ཐ་དད་དུ་གྲུབ་མིན་གྱིས་འཇོག་དགོས་ལ་དེ་ལྟར་ཁས་ཀྱང་ལེན་གྱིན་ཡོད་མོད། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་དོན་ནི། ཐ་སྙད་འདོགས་སྟངས་ལས་ཀྱང་གོང་དང་མི་མཚུངས་པར་ཤེས་ཐུབ་ཀྱང་། དེའི་གོ་དོན་གསལ་པོར་མི་གསུང་བར་བྱ་ཚིག་གི་དཔེར་བརྗོད་འགའ་ཞིག་བཞག་སྟེ་ཡར་མར་གྱི་འགྲེལ་བཤད་གནང་གནང་མཐར།བྱ་བྱེད་ཐ་དད་པ་དང་བྱེད་འབྲེལ་ལས་ཚིག་དོན་གཅིག། བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་དོན་གཅིག་རེད་གསུང་གིན་གསུང་གིན། དཔེར་ན། ནགས་ཚལ་མེ་ཡིས་ཚིག་དང་། རྟ་དུག་གིས་ཤི་ལྟ་བུ་ཁ་ཞོར་ལག་བར་ནས་བྱེད་མེད་ལས་ཚིག་ཡིན་ལ་བྱེད་པ་དང་བྱ་ཡུལ་ཐ་དད་པའི་བྱ་ཚིག་འགའ་ཞིག་ཀྱང་མི་འདོད་བཞིན་དུ་འཆོར་འོང་གིན་འདུག་ལ།ད་དུང་རང་གིས་རང་བསད་ལྟ་བུ་ལ་མཚོན་ན། བསད་ཅེས་པའི་ཚིག་འདི་བྱེད་འབྲེལ་ལས་ཚིག་ཡིན་རུང་། སྐབས་ཀྱི་བྱེད་པོ་དང་བྱ་ཡུལ་ཐ་དད་དུ་མེད་པའི་ཚིག་སྦྱོར་འདི་ཡང་ཐུགས་རྗེས་མི་འཛིན་ཅིང་། ཕྱག་གིས་མ་ཐེག་པར་རྡོག་སྔུན་ལ་ལྷུང་བསྡད་མི་འདུག་གམ།

གསུམ་པ། དེ་དག་གི་སྐོར་ལ་རང་གི་བསམ་ཚུལ་བརྗོད་པ་ནི། 

   ཁོ་བོས་བསམས་ན། སྐབས་བབ་ཀྱི་བྱ་ཚིག་འདི་དག་ལ་དབྱེ་སྒོ་མི་འདྲ་བ་གཉིས་དང་དབྱེ་བ་བཞི་རུ་འབྱེད་དགོས་པར་སྣང་སྟེ། བྱ་ཚིག་གང་ཞིག་ལ་སྐབས་ཀྱི་བྱེད་པོ་དང་བྱེད་པ་གང་རུང་དེ། ལས་ཀྱི་དངོས་པོའམ་བྱ་ཡུལ་དང་ཕན་ཚུན་ཐ་དད་དུ་གྲུབ་མིན་ལ་ལྟོས་ནས་བྱ་བྱེད་ཐ་དད་པའི་བྱ་ཚིག་དང་། བྱ་བྱེད་ཐ་མི་དད་པའི་བྱ་ཚིག་གཉིས་སུ་དབྱེ་དགོས་པ་དང་། ཡང་བྱ་ཚིག་གང་ཞིག་གི་སྐབས་ཀྱི་བྱ་བ་རང་ངོས་ནས་བྱེད་པོ་དང་བྱེད་པ་གང་རུང་གིས་བྱ་ཡུལ་ལ་ཕར་བྱས་པའི་བྱ་བ་དེ་གཙོ་བོར་སྟོན་མི་སྟོན་གྱི་དབང་གིས་བྱེད་འབྲེལ་ལས་ཚིག་དང་། བྱེད་མེད་ལས་ཚིག་གཉིས་སུ་དབྱེ་དགོས་འདུག་སྙམ། 

   དེ་ཡང་ཇི་ལྟར་ཞེ་ན།༡༽ བྱ་བྱེད་ཐ་དད་པའི་བྱ་ཚིག་ནི། བྱ་ཚིག་གང་ཞིག་གི་སྐབས་སུ་བྱེད་པོ་དང་བྱེད་པ་གང་རུང་དེ།ལས་ཀྱི་དངོས་པོའམ་བྱ་ཡུལ་དང་ཕན་ཚུན་ཐ་དད་དུ་ཡོད་པ་དེ་བྱ་བྱེད་ཐ་དད་པའི་བྱ་ཚིག་གི་མཚན་ཉིད།  མཚན་གཞིའམ་དཔེར་བརྗོད་ནི། ཤིང་མཁན་གྱིས་ཤིང་གཅོད་ལྟ་བུ། འདིའི་སྐབས་བྱེད་པོ་ཤིང་མཁན་དང་ལས་ཀྱི་དངོས་པོ་ཤིང་གཉིས་ཕན་ཚུན་ཐ་དད་དུ་ཡོད་པས་ན་བྱ་བྱེད་ཐ་དད་པར་འཇོག་པ་ཡིན། 

    ༢༽བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ནི། བྱ་ཚིག་གང་ཞིག་གི་སྐབས་སུ་བྱེད་པོ་དང་བྱེད་པ་གང་རུང་དེ། ལས་ཀྱི་དངོས་པོའམ་བྱ་ཡུལ་དང་ཕན་ཚུན་ཐ་དད་དུ་མེད་པ་དེ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་གི་མཚན་ཉིད། མཚན་གཞིའམ་དཔེར་བརྗོད་ནི། བླ་མ་གདན་ལ་བཞུགས་ལྟ་བུ།འདིའི་སྐབས་བཞུགས་མཁན་ནམ་བྱེད་པ་པོ་ཡང་བླ་མ་རང་ཡིན་ལ། བཞུགས་བྱ་ཡང་བླ་མ་རང་ལས་ལོགས་སུ་མེད་པས་ན་བྱ་བྱེད་ཐ་མི་དད་པར་འཇོག་པ་ཡིན་ཞིང་། དེས་ན་འདི་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་མི་འབྱེད་པར་ཡང་ཤེས་དགོས་སོ།།

    ༣༽བྱེད་འབྲེལ་ལས་ཚིག་ནི། བྱ་ཚིག་གང་ཞིག་གི་སྐབས་ཀྱི་བྱ་བ་དེ་བྱེད་པོ་དང་བྱེད་པ་གང་རུང་ལ་འབྲེལ་བའམ། བྱ་ལས་བྱེད་ལས་གཉིས་ཀྱི་ནང་ནས་གཙོ་བོ་བྱེད་ལས་སྟོན་པ་ཤས་ཆེ་བས་ན་བྱེད་འབྲེལ་ལས་ཚིག་ཅེས་ཟེར་བ་ཡིན།

    དེའི་མཚན་ཉིད་ནི། བྱ་ཚིག་གང་ཞིག། སྐབས་ཀྱི་བྱ་བ་དེ་བྱེད་པོ་དང་བྱེད་པ་གང་རུང་གིས་དངོས་ཤུགས་གང་རུང་ནས་ཆེད་གཏད་ཀྱིས་བྱ་ཡུལ་ལ་ཕར་བྱས་པ་ལྟ་བུར་སྟོན་པའི་བྱ་ཚིག་དེ་བྱེད་འབྲེལ་ལས་ཚིག་གི་མཚན་ཉིད། 

    འདི་ལ་མཚན་གཞིའམ་དཔེར་བརྗོད་ནི། གོང་གསལ་བྱ་བྱེད་ཐ་དད་པའི་སྐབས་ཀྱི་ཤིང་མཁན་གྱིས་ཤིང་གཅོད་ཅེས་པ་དེས་ཀྱང་ཆོག་པ་རེད། འོ་ན་ཤིང་མཁན་གྱིས་ཤིང་གཅོད་ལྟ་བུའི་དཔེར་བརྗོད་དེ་བྱ་བྱེད་ཐ་དད་པ་དང་བྱེད་འབྲེལ་ལས་ཚིག་གཉིས་ཀ་ཡིན་ན། བྱ་བྱེད་ཐ་དད་པ་དང་བྱེད་འབྲེལ་ལས་ཚིག་དོན་གཅིག་མ་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན།  དེ་ཡང་བྱ་བྱེད་ཐ་དད་མི་དད་ཀྱི་གོ་དོན་ནི་གོང་དུ་བཤད་པ་ལྟར་བྱེད་པོ་དང་བྱེད་པ་གང་རུང་དེ། བྱ་ཡུལ་དང་ཕན་ཚུན་ཐ་དད་དུ་གྲུབ་མིན་ཁོ་ན་ལ་དཔྱོད་པའི་སྐབས་ཡིན་པ་དང་། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་དོན་ནི། སྐབས་ཀྱི་བྱ་ཚིག་དེས་བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་བ་དེ་ཉིད་སྟོན་སྟངས་ལ་དཔྱོད་པའི་སྐབས་ཡིན་སྟབས།དཔེར་ན། ཤིང་མཁན་གྱིས་ཤིང་གཅོད་ཅེས་པའི་སྐབས་ཀྱི་ཤིང་མཁན་དང་ཤིང་གཉིས་ལ་བལྟ་རྒྱུ་མ་ཡིན་པར།གཙོ་བོ་གཅོད་ཅེས་པའི་ཚིག་འདིས་བྱེད་པ་པོས་ཕར་བྱས་པའི་གཡོ་རྩོལ་དེ་སྟོན་པའི་ཆ་ནས་བྱེད་འབྲེལ་ལས་ཚིག་ཏུ་འཇོག་གིན་ཡོད་ལ། 

    ད་དུང་བྱ་བྱེད་ཐ་མི་དད་པའི་ནང་དུ་ཡང་བྱེད་འབྲེལ་ལས་ཚིག་ཡོད་དེ།དཔེར་ན། རང་གིས་རང་གསོད་ལྟ་བུའི་དམིགས་བསལ་གྱི་དཔེར་བརྗོད་འདི་ལ་མཚོན་ན། བྱེད་པོ་ཡང་རང་དང་བྱ་ཡུལ་ཡང་རང་ལས་ལོགས་སུ་མེད་པས་ན་བྱ་བྱེད་ཐ་མི་དད་པ་དང་། གསོད་ཅེས་པའི་ཚིག་འདི་བྱ་ཚིག་རང་ངོས་ནས་བྱེད་འབྲེལ་ལས་ཚིག་ཡིན་པ་ནི་ཡོངས་གྲགས་རེད།  དེས་ན་བྱེད་འབྲེལ་ལས་ཚིག་དང་བྱ་བྱེད་ཐ་དད་པ་གཉིས་དོན་གཅིག་ཏུ་འདོད་ན་མི་འཐད་པ་ཡིན་ནོ།།

    ༤༽བྱེད་མེད་ལས་ཚིག་ནི།  བྱ་ཚིག་གང་ཞིག་གི་སྐབས་ཀྱི་བྱ་བ་དེ་བྱེད་པོ་དང་བྱེད་པ་གང་རུང་ལ་དངོས་སུ་ལྟོས་པ་མེད་པར་བྱ་ཡུལ་རང་ངོས་ནས་ངང་གིས་འགྲུབ་པ་ལྟ་བུར་སྟོན་པའམ།བྱ་ཚིག་གང་ཞིག་ལ་བྱ་ཡུལ་ལས་ཐ་དད་པའི་བྱེད་པོ་དང་བྱེད་པ་གང་རུང་དངོས་སུ་མེད་སྟབས། བྱ་ལས་བྱེད་ལས་གཉིས་ཀྱི་ནང་ནས་བྱེད་ལས་གཙོ་བོར་སྟོན་གྱིན་མེད་པས་ན་བྱེད་མེད་ལས་ཚིག་ཟེར་བ་ཡིན། 

    དེའི་མཚན་ཉིད་ནི། བྱ་ཚིག་གང་ཞིག།སྐབས་ཀྱི་བྱ་བ་དེ་བྱ་ཡུལ་རང་ངོས་ནས་ངང་གིས་འགྲུབ་པ་ལྟ་བུར་སྟོན་པའམ།སྐབས་ཀྱི་བྱེད་པོ་དང་བྱེད་པ་གང་རུང་གིས་བྱ་ཡུལ་ལ་ཕར་བྱ་བ་བྱས་པར་མི་སྟོན་པའི་ཆ་ནས་བཞག་པའི་བྱ་ཚིག་དེ་བྱེད་མེད་ལས་ཚིག་གི་མཚན་ཉིད། 

    མཚན་གཞིའམ་དཔེར་བརྗོད་ནི། གོང་གསལ་བྱ་བྱེད་ཐ་མི་དད་པའི་སྐབས་ཀྱི་བླ་མ་གདན་ལ་བཞུགས་ཞེས་པ་དེས་ཀྱང་ཆོག་པ་རེད། འོ་ན་བླ་མ་གདན་ལ་བཞུགས་ལྟ་བུའི་དཔེར་བརྗོད་འདི་བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་གཉིས་ཀ་ཡིན་ན། བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་དོན་གཅིག་མ་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། དེ་ཡང་བྱ་བྱེད་ཐ་དད་ཡིན་མིན་ནི་བླ་མ་གདན་ལ་བཞུགས་ཞེས་པའི་སྐབས་ཀྱི་གང་བཞུགས་བྱ་དང་བཞུགས་བྱེད་ཐ་དད་དུ་གྲུབ་མིན་ལ་དཔྱད་དགོས་ཤིང་། བྱེད་མེད་ལས་ཚིག་ཡིན་མིན་ནི་དེ་སྐབས་བཞུགས་བྱ་བཞུགས་བྱེད་ལ་དཔྱད་རྒྱུ་མ་ཡིན་པར་བཞུགས་པའི་བྱ་བ་དེ་རང་ལ་དཔྱོད་པའི་སྐབས་ཡིན་པས་རེད།དེས་ན་བཞུགས་ཞེས་པའི་བྱ་ཚིག་འདི་བྱེད་མེད་ལས་ཚིག་ཡིན་པའི་རྒྱུ་མཚན་ནི། སྐབས་ཀྱི་བྱ་བ་དེ་ངང་གིས་འགྲུབ་པ་ལྟར་མི་སྟོན་ཡང་། འདིའི་སྐབས་བྱེད་པོ་དང་བྱ་ཡུལ་ཐ་དད་དུ་མེད་སྟབས། བྱ་ཡུལ་ལས་གཞན་པའི་བྱེད་པོ་ཞིག་གིས་བྱ་ཡུལ་ལ་ཕར་བྱ་བ་བྱས་པར་སྟོན་པ་མ་ཡིན་པའི་ཆ་ནས་བྱེད་མེད་ལས་ཚིག་ཏུ་བཞག་པ་རེད་འདུག་སྙམ། 

    ད་དུང་བྱ་བྱེད་ཐ་དད་པའི་བྱ་ཚིག་གི་ནང་དུ་ཡང་བྱེད་མེད་ལས་ཚིག་ཡོད་དེ། དཔེར་ན། ནགས་ཚལ་མེ་ཡིས་ཚིག་ལྟ་བུའི་དཔེར་བརྗོད་འདི་ལ་མཚོན་ན། གང་འཚིག་བྱའི་ནགས་ཚལ་དང་འཚིག་བྱེད་ཀྱི་མེ་གཉིས་ཐ་དད་དུ་ཡོད་པས་ན་བྱ་བྱེད་ཐ་དད་པའི་བྱ་ཚིག་ཡིན་པར་སྨོས་མེད་རེད་ལ། ཚིག་ཅེས་པའི་བྱ་ཚིག་འདི་བྱེད་མེད་ལས་ཚིག་ཡིན་ཏེ། སྐབས་ཀྱི་བྱ་བ་དེ་བྱ་ཡུལ་རང་ངོས་ནས་ངང་གིས་འགྲུབ་པ་ལྟ་བུའི་འཕོ་འགྱུར་སྟོན་པའི་བྱ་ཚིག་ཡིན་པའི་ཕྱིར།  དེས་ན་བྱེད་མེད་ལས་ཚིག་འདི་ལ་ཡང་ཞིབ་པར་དཔྱད་ན། བྱ་ཡུལ་གྱི་འཕོ་འགྱུར་ཁོ་ན་སྟོན་པའི་བྱ་ཚིག་གི་རིགས་ཤིག་དང་། བྱེད་པོ་དང་བྱེད་པ་གང་རུང་གིས་བྱ་ཡུལ་ལ་ཕར་བྱ་བ་བྱས་པར་སྟོན་པ་མ་ཡིན་པའི་ཆ་ནས་བཞག་པའི་བྱེད་མེད་ལས་ཚིག་གི་རིགས་ཤིག་སྟེ་ནང་གསེས་མི་འདྲ་བ་གཉིས་ཡོད་དོ།།

    མདོར་བསྡུས་ཏེ་འཆད་ན། བྱ་བྱེད་ཐ་དད་པའི་བྱ་ཚིག་དང་བྱེད་འབྲེལ་ལས་ཚིག་གཉིས་མུ་བཞི་ཡིན་ལ།དེ་བཞིན་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་དང་བྱེད་མེད་ལས་ཚིག་གཉིས་ཀྱང་མུ་བཞི་ཡིན།དེ་ལས་མུ་བཞི་དང་པོ་ནི། དཔེར་ན། དགྲ་མཁར་མེ་ཡིས་ཚིག་ལྟ་བུ་བྱ་བྱེད་ཐ་དད་པ་ཡིན་ལ་བྱེད་འབྲེལ་ལས་ཚིག་མ་ཡིན་པའི་མུ་དང་།རང་གིས་རང་བསད་ལྟ་བུ་བྱེད་འབྲེལ་ལས་ཚིག་ཡིན་ལ་བྱ་བྱེད་ཐ་དད་པ་མ་ཡིན་པའི་མུ།ཤིང་མཁན་གྱིས་ཤིང་བཅད་ལྟ་བུ་བྱ་བྱེད་ཐ་དད་པ་དང་བྱེད་འབྲེལ་ལས་ཚིག་གཉིས་ཀ་ཡིན་པའི་མུ། བླ་མ་གདན་ལ་བཞུགས་ལྟ་བུ་བྱ་བྱེད་ཐ་དད་པ་དང་བྱེད་འབྲེལ་ལས་ཚིག་གཉིས་ཀ་མ་ཡིན་པའི་མུ་ཡིན་ནོ།། 

    མུ་བཞི་གཉིས་པ་ནི།དཔེར་ན། རང་གིས་རང་བསད་ལྟ་བུ་བྱ་བྱེད་ཐ་མི་དད་པ་ཡིན་ལ་བྱེད་མེད་ལས་ཚིག་མ་ཡིན་པའི་མུ་དང་། དགྲ་མཁར་མེ་ཡིས་ཚིག་ལྟ་བུ་བྱེད་མེད་ལས་ཚིག་ཡིན་ལ་བྱ་བྱེད་ཐ་མི་དད་པ་མ་ཡིན་པའི་མུ།བླ་མ་གདན་ལ་བཞུགས་ལྟ་བུ་བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་གཉིས་ཀ་ཡིན་པའི་མུ།ཤིང་མཁན་གྱིས་ཤིང་གཅོད་ལྟ་བུ་བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་གཉིས་ཀ་མ་ཡིན་པའི་མུ་ཡིན་ནོ།།

    ད་དུང་གཅིག་བཤད་ན། འདི་དག་གི་རྣམ་གཞག་ལེགས་པར་རྟོགས་ན་བྱེད་པོ་དང་བྱེད་པ་གང་རུང་ཡོད་པའི་བྱ་ཚིག་གང་དང་གང་ལ་བྱེད་སྒྲ་ཐོབ་མི་འཐོབ་ཀྱི་གནད་དེ་ཡང་ཤེས་འོང་། དེ་ཡང་ཇི་ལྟར་ཞེ་ན། སྤྱིར་བྱ་ཚིག་གང་ཞིག་གི་སྐབས་སུ་བྱེད་པོ་དང་བྱེད་པ་གང་རུང་དངོས་སུ་ཡོད་ན་དེ་ལ་བྱེད་སྒྲའི་ཕྲད་འཐོབ་ཀྱིན་ཡོད་མོད། དེ་གཉིས་གང་རུང་དངོས་སུ་ཡོད་རུང་བྱེད་སྒྲའི་ཕྲད་ཐོབ་པའི་ངེས་པ་མེད་དེ།  དཔེར་ན།ང་ཁྲོམ་ལ་འགྲོ་དང་།བླ་མ་གདན་ལ་བཞུགས་ལྟ་བུ་ཡིན། འདིའི་སྐབས་ཀྱི་བྱེད་པོ་དང་བྱ་ཡུལ་གཉིས་ངོ་བོ་གཅིག་ཡིན་པས་བྱ་ཡུལ་མ་ཡིན་པའི་བྱེད་པོ་ཞིག་གིས་བྱ་ཡུལ་ལ་ཕར་བྱ་བ་བྱས་པར་མི་སྟོན་པ་དང་། བྱ་བ་དེ་རང་ངོས་ནས་ཀྱང་བྱེད་པོ་དང་བྱེད་པ་གང་རུང་དང་འབྲེལ་བའི་བྱ་བའམ་བྱེད་ལས་གཙོ་བོར་སྟོན་པ་མ་ཡིན་པའི་རྒྱུ་མཚན་འདི་གཉིས་ཀྱིས།སྐབས་ཀྱི་བྱ་ཚིག་དེ་བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་གཉིས་ཀ་ཡིན་ན་དེ་ལ་བྱེད་སྒྲའི་ཕྲད་མི་འཐོབ་པ་རེད་འདུག་སྙམ། 

    འོ་ན་རང་གིས་རང་གསོད་ལྟ་བུའི་ཚིག་སྦྱོར་འདི་བྱ་བྱེད་ཐ་མི་དད་པ་ཡིན་ཡང་བྱེད་སྒྲ་ཐོབ་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཚིག་སྦྱོར་འདིའི་སྐབས་བྱ་ཡུལ་ལས་གཞན་པའི་བྱེད་པོ་ཞིག་མེད་ཀྱང་། གསོད་ཅེས་པའི་བྱ་ཚིག་འདི་བྱ་ཚིག་རང་ངོས་ནས་བྱེད་འབྲེལ་ལས་ཚིག་ཡིན་སྟབས། བྱེད་པོ་དང་བྱེད་པ་གང་རུང་གིས་བྱ་ཡུལ་ལ་ཆེད་གཏད་ཀྱིས་བྱ་བ་བྱས་པར་སྟོན་པའི་ཚིག་ཡིན་པས་ན་བྱེད་སྒྲ་ཐོབ་པ་རེད་འདུག་ལ།

    ཡང་དགྲ་མཁར་མེ་ཡིས་ཚིག་ཅེས་པ་འདི་བྱ་ཚིག་རང་ངོས་ནས་བྱེད་མེད་ལས་ཚིག་ཡིན་ཡང་། འདི་ལ་བྱེད་སྒྲ་འཐོབ་དོན་ནི། ཚིག་སྦྱོར་འདིའི་སྐབས་སུ་བྱ་ཡུལ་ལས་ཐ་དད་པའི་བྱེད་པ་ཞིག་གིས་བྱ་ཡུལ་ལ་ཕར་བྱ་བ་བྱས་པ་ལྟར་སྟོན་གྱིན་ཡོད་པས་ན་བྱེད་སྒྲ་ཐོབ་པ་རེད། 

    དེ་ཡང་མདོར་ན་བྱ་ཚིག་གང་ཞིག་གི་སྐབས་སུ་བྱེད་པོ་དང་བྱེད་པ་གང་རུང་དངོས་སུ་ཡོད་མེད་གང་ཡིན་ཡང་ཚིག་སྦྱོར་དེ་བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་གཉིས་ཀ་ཡིན་ན་དེའི་སྐབས་བྱེད་སྒྲ་མི་འཐོབ་པ་ཡིན་ལ། བྱ་ཚིག་གང་ཞིག་བྱ་བྱེད་ཐ་མི་དད་པ་དང་བྱེད་མེད་ལས་ཚིག་གཉིས་ཀ་མ་ཡིན་ཞིང་། བྱེད་པོ་དང་བྱེད་པ་གང་རུང་དངོས་སུ་ཡོད་ན་དེ་ལ་བྱེད་སྒྲ་འཐོབ་ངེས་ཡིན་ནོ།། 

འདི་ནི་སྤྱི་ལོ།༢༠༡༦.༡༢.༡༡ཉིན་གྲུབ་པར་བགྱིས་པའོ།།

དཔྱད་མཆན་སྤེལ།

Close Menu